Saturday, February 11, 2012

རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་བཞུགས་སོ།།

༄༅། །རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་བཞུགས་སོ། །

༄༅། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །སྔོན་བསྐལ་པ་དཔག་ཏུ་མེད་པ་ན། ཡུལ་བྷེ་ཏའི་གྲོང་ཁྱེར་ཆེན་པོ་ན། རྒྱལ་པོ་ས་སྐྱོང་གྲགས་པའི་དཔལ་ཞེས་བྱ་བ། བློན་པོ་སུམ་སྟོང་རྒྱལ་ཕྲན་དྲུག་ཅུ་ལ་དབང་མཛད་པ། ནོར་བུ་བསམ་འཕེལ་ལ་སོགས་པ་ནོར་བུའི་རིགས་བསམ་གྱིས་མི་ཁྱབ་པ་ཡོད་དོ། །གཞན་ཡང་གང་ལས་ལྷག་པའི་ནོར་བུ་དགོས་འདོད་དཔུང་འཇོམས་ཞེས་བྱ་བར་རང་གི་བསམ་པའི་དོན་ཐམས་ཅད་སྐད་ཅིག་ལ་འགྲུབ་པ་ཡོད་དོ། །དེ་ནས་སྟོབས་དང་ལྡན་པའི་རྒྱལ་པོ་དེ་ལ། རིགས་རྒྱུད་དང་ལྡན་པའི་བཙུན་མོ་ལྔ་བརྒྱ། ནོར་ལོངས་སྤྱོད་དང་ལྡན་པའི་བཙུན་མོ་ལྔ་བརྒྱ། ཤིན་ཏུ་མཛེས་པའི་བཙུན་མོ་ལྔ་བརྒྱ། བཙུན་མོ་ཕྱེད་དང་ཉིས་སྟོང་ཁབ་ན་ཡོད་ཀྱང༌། སྲས་གཅིག་ཀྱང་མེད་པས་རྒྱལ་པོ་ཐུགས་མ་བདེ་ནས། མོ་དང་རྩིས་བྱས་པས། དཀོན་མཆོག་ལ་མཆོད་པ་ཕུལ། ལྷ་སྲིན་སྡེ་བརྒྱད་ལ་གཏོར་མ་བཏང༌། དབུལ་ཕོངས་ལ་སྦྱིན་པ་བཏང་ན། བྱང་ཆུབ་སེམས་དཔའི་སྤྲུལ་བ་ཅིག་སྲས་སུ་འབྱོན་པར་འདུག་ཟེར། །དེར་རྒྱལ་པོ་ཡིད་བདེ་བ་བསྐྱེད་དེ། དཀོན་མཆོག་ལ་མཆོད་པ་ཕུལ། ལྷ་སྲིན་སྡེ་བརྒྱད་ལ་གཏོར་མ་བཏང༌། དབུལ་ཕོངས་ལ་སྦྱིན་པ་བཏང༌། དེ་ནས་རིང་པོ་མ་ལོན་པར་ཀུན་དང་མཐུན་པའི་བཙུན་མོ་དགེ་ལྡན་བཟང་མོ་ཞེས་བྱ་བ། བུད་མེད་ཀྱི་སྐྱོན་བརྒྱད་སྤངས་ཤིང༌། ཡོན་ཏན་དང་ལྡན་པ་དེ་ལ་སྲས་གཅིག་བྱུང་བར་རིགས་ནས། བཙུན་མོ་རྨི་ལམ་བཟང་སྟེ་རྒྱལ་པོའི་དྲུང་དུ་ཕྱིན་ནས་ཞུས་པ། མི་དབང་རྒྱལ་པོ་ཆེན་པོ་བདག་ལ་དགོངས། །ཉིན་གྱི་དུས་ན་མཚན་གཅིག་མངའ་ལགས་པ། །མཚན་མོ་ཉལ་བའི་རྨི་ལམ་བཟང་ནས་གདའ། །བདག་ལུས་རྩ་ཕྲན་སུམ་བརྒྱ་དྲུག་ཅུ་ལ། །སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་རུ། །གསེར་གྱི་རྡོ་རྗེ་འབར་བ་སྐྱེས་པ་རྨིས། །རྡོ་རྗེའི་རྩེ་མོ་དགུང་ལ་རེག་པ་རྨིས། །འོད་ཟེར་ཕྱོགས་བཅུ་ཀུན་ཏུ་ཁྱབ་པ་རྨིས། །འཇའ་དང་འོད་ཀྱི་གུར་ཁང་ཕུབ་པ་རྨིས། །བར་སྣང་སྟོང་གསུམ་དུང་དཀར་འབུད་པ་རྨིས། །རྨི་ལམ་བཟང་བའི་རྟེན་འབྲེལ་དེ་ལྟར་ལགས། །བདག་ལུས་གཞལ་མེད་ཁང་བཟང་དམ་པ་ན། །རིགས་དང་ལྡན་པའི་བུ་གཅིག་འབྱུང་ལགས་པས། །གཟའ་དང་སྐར་མ་ཚེས་གྲངས་བཟང་པོ་ལ། །བདེ་དང་ལྡན་པའི་བུ་གཅིག་སྐྱེ་བར་གདའ། །ཕྱོགས་རྣམས་ཀུན་ཏུ་རིམ་གྲོ་བསྒྲུབ་པར་མཛོད། །བཙུན་མོས་དེ་སྐད་ཅེས་སྨྲས་པས། རྒྱལ་པོ་ཤིན་ཏུ་དགྱེས་ཏེ་འདི་སྐད་ཅེས་སྨྲས་སོ། །སེམས་ཉིད་མཐུན་པའི་དགེ་ལྡན་བཟང་མོ་དང༌། །བདག་ཉིད་སྐད་ཅིག་མི་འབྲལ་འགྲོགས་པ་ཡི། །ཁྱེད་ལུས་ལྷ་ཡི་དཀྱིལ་འཁོར་དམ་པ་ན། །སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་རུ། །གསེར་གྱི་རྡོ་རྗེ་འབར་བ་སྐྱེས་པ་དེ། །སྐྱོང་བྱེད་ཀུན་གྱི་རྗེ་བོ་ཡོང་བ་ཡིན། །འཇའ་དང་འོད་གྱི་གུར་ཁང་ཕུབ་པ་དེ། །སངས་རྒྱས་སྤྲུལ་པའི་སྐུ་ཅིག་འབྱོན་པ་ཡིན། །བར་སྣང་སྟོང་གསུམ་དུང་དཀར་འབུད་པ་དེ། །སྙན་པའི་བ་དན་ཕྱོགས་བཅུར་སྒྲོག་པའི་རྟགས། །ཡར་ལ་དཀོན་མཆོག་མཆོད་པའི་བྱིན་རླབས་དང༌། །མར་ལ་སྦྱིན་པ་བཏང་བའི་འབྲས་བུ་དང༌། །སྐྱབས་གནས་བསླུ་བ་མེད་པའི་བྱིན་རླབས་ཀྱིས། །རྒྱལ་པོ་ང་ལ་བུ་གཅིག་ཡོང་བའི་རྟགས། །བདག་གི་བསམ་པ་ཁྱོད་ཀྱིས་སྒྲུབ་པའི་རྟགས། །ཅིས་ཀྱང་ཁྱོད་ཟེར་རིམ་གྲོ་སྒྲུབ་པར་བྱེད། །མཁས་བཙུན་བཟང་གསུམ་དཔལ་ལྡན་བླ་མ་དང༌། །པཎ་ཆེན་ལྔ་བརྒྱས་མདོ་དང་སྙིང་པོ་ཀློག །བར་དང་ཕྱོགས་མཚམས་མེད་པ་ཕྱག་རྒྱས་བཅིངས། །སྔགས་པ་ཕུར་བུ་ཐོགས་པ་ལྔ་བརྒྱ་ཡིས། །ཧཱུཾ་དང་ཕཊ་ཀྱི་སྒྲ་སྐད་དི་རི་རི། །དྲག་པོའི་སྔགས་ཀྱི་གཏོར་ཟོར་དགྲ་ལ་འཕངས། །དམ་ཉམས་དགྲ་བགེགས་ཐལ་བའི་རྡུལ་དུ་རློག །ནང་དུ་ཕྱྭ་གཡང་འགུགས་པར་བྱེད་པ་ཡིས། །མདོས་དང་གཏོར་མ་ཉིད་ཀྱི་ཟོར་ཁ་འཕངས། །ཞེས་གསུངས་ནས་རིམ་གྲོ་བྱེད་དོ། །དེ་ནས་ཟླ་དགུ་ངོ་བཅུ་ལོན་པ་དང་རྒྱལ་བུ་འཁྲུངས་སོ། །རྒྱལ་བུ་དེ་འཁྲུངས་པའི་ཐོག་མར་གཏམ་གཞན་ཅི་ཡང་མི་སྨྲ་བར། ༈ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཞེས་གསུངས་ཤིང་སྤྱན་ཆབ་འདོན་པ་དང༌། སེམས་ཅན་ཐམས་ཅད་མས་བུ་གཅིག་ལ་སྙིང་རྗེ་བ་ལྟར། བྱམས་པའི་སེམས་དང་ལྡན་པར་གྱུར་ཏོ། །དེར་རྒྱལ་བློན་ཐམས་ཅད་དགའ་མགུ་ཡི་རངས་ནས་མཚན་ཡང་རྒྱལ་བུ་དྲི་མེད་ཀུན་ལྡན་ཞེས་བྱ་བར་བཏགས་སོ། །མཆོད་པའི་རིམ་པ་བསམ་གྱིས་མི་ཁྱབ་པ་ཕུལ་ནས་ཕོ་བྲང་དགའ་བའི་བསམ་གླིང་ཞེས་བྱ་བ་རིན་པོ་ཆེའི་ཁང་པ་ལྟ་བུ་དེར་བཞུགས་སོ། །དེ་ནས་དགུང་ལོ་ལྔ་བཞེས་པ་དང༌། ཡི་གེ་དང་རྩིས་ལ་སོགས་པ་རིག་པའི་གནས་ལྔ་ལ་ཤིན་ཏུ་མཁས་ཤིང་བསྟན་བཅོས་ཐམས་ཅད་ཐུགས་སུ་ཆུད་པར་གྱུར་ཏོ། །རྒྱལ་བུའི་ཞལ་ནས་སེམས་ཅན་ཐམས་ཅད་ཕ་མ་ཡིན་གསུངས་ནས་འདི་སྐད་ཅེས་གསུངས་སོ། །ཀྱེ་མ་འཁོར་བའི་རྒྱ་མཚོ་གཏིང་རིང་ནས། །སྡུག་བསྔལ་དྲག་པོའི་ནང་དུ་བདག་འདྲ་བ། །བློ་ཁྲིད་སྒྱུ་མའི་ནོར་ལ་ཞེན་ཅིང་ཆགས། །འདི་ཉིད་བསམ་ན་སེམས་ཅན་སྙིང་རེ་རྗེ། །ཀྱེ་མ་ཁམས་གསུམ་འཁོར་བའི་སྡུག་བསྔལ་ལ། །ཀྱི་ཧུད་ཀྱི་ཧུད་ཇི་ལྟར་བྱས་ན་ཕན། །འདོད་ཡོན་མེ་དཔུང་འབར་བའི་གྲོང་ཁྱེར་ན། །བདག་འཛིན་བློ་དང་མ་བྲལ་སྙིང་རེ་རྗེ། །འཁོར་བ་མཐའ་མེད་འོབས་ཀྱི་མེ་ཕུང་ལ། །གང་དུ་བལྟས་ཀྱང་ཐར་བ་མི་འདུག་པས། །ཁམས་གསུམ་འཁོར་བའི་སེམས་ཅན་སྙིང་རེ་རྗེ། །བྱས་ཀྱང་ཟིན་མེད་འཇིག་རྟེན་བྱ་ལས་ལ། །ཟིན་དུས་མེད་པ་སྡུག་བསྔལ་སྙིང་རེ་རྗེ། །བཟའ་མི་སྡུག་བསྔལ་སེམས་ཀྱི་འཁྲུལ་སྣང་ལ། །གཏན་དུ་གྲོགས་སུ་རེ་བ་སྙིང་རེ་རྗེ། །ཕ་ཡུལ་འབྲོག་པའི་སྦྲ་ས་ལྟ་བུ་ལ། །བདག་འཛིན་ཞེན་ཆགས་བྱེད་པ་སྙིང་རེ་རྗེ། །འགྲོ་དྲུག་སེམས་ཅན་ཕ་མ་སྤྱི་མཐུན་ལ། །རང་གཞན་གཉིས་སུ་འབྱེད་པ་སྙིང་རེ་རྗེ། །སེར་སྣས་བསགས་པའི་ཟས་ནོར་སྦྲང་རྩི་འདི། །བསགས་པ་གཞན་གྱིས་སྤྱོད་པ་སྙིང་རེ་རྗེ། །སྡིག་པའི་ལས་ཀྱི་ཁུར་ཆེན་ཁུར་ནས་སུ། །ངན་འགྲོའི་གཡང་ལ་ལྷུང་བ་སྙིང་རེ་རྗེ། །ལེགས་པར་བཤད་ཀྱང་བདེན་པར་མི་འཛིན་པའི། །མ་རིག་འཁྲུལ་བའི་སེམས་ཅན་སྙིང་རེ་རྗེ། །དྲི་མེད་ཀུན་ལྡན་དཔལ་གྱི་དོན་འགྲུབ་ང༌། །མགོ་འཁོར་སྐྱེ་བོའི་ཁྲོད་ན་སྙིང་རེ་རྗེ། །ཡབ་ཀྱིས་ཞིབ་མོར་བསགས་པའི་ནོར་རྫས་རྣམས། །བསགས་པ་དོན་མེད་སྙིང་པོ་མི་འདུག་པས། །བདག་གིས་སྦྱིན་པ་བཏང་ན་མི་རུང་ངམ། །ཞེས་ཞུས་པས། ཡབ་ཀྱི་ཞལ་ནས། བདག་གི་དྲི་མེད་ཀུན་ལྡན་དོན་འགྲུབ་དཔལ། །དང་པོ་མ་སྐྱེས་སྡུག་བསྔལ་བསམ་མི་ཁྱབ། །ད་ནི་བདག་གིས་བསགས་པའི་ནོར་རྫས་རྣམས། །ཁྱོད་རང་ཅི་དགའ་གྱིས་ལ་སྦྱིན་པར་ཐོངས། །ཞེས་གསུངས་པ་དང༌། དེར་རྒྱལ་བུས་སྦྱིན་པ་དཔག་ཏུ་མེད་པ་བཏང་སྟེ། ཐམས་ཅད་དབུལ་བའི་སྡུག་བསྔལ་ལས་གྲོལ་ལོ། །དེའི་དུས་སུ་བདུད་བློན་ཏ་ར་མཛེས་བྱ་བ་དེས་ཡབ་རྒྱལ་པོའི་དྲུང་དུ་ཕྱིན་ཏེ་ཞུས་པ། མི་དབང་རྒྱལ་པོ་ཆེན་པོ་བདག་ལ་དགོངས། །ཁྱེད་ཀྱིས་བསགས་པའི་ནོར་རྫས་ཐམས་ཅད་ནི། །དྲི་མེད་ཀུན་ལྡན་དེ་ཡིས་མེད་པར་བྱས། །ནོར་མེད་རྒྱལ་པོ་གཞན་གྱི་འབངས་སུ་འགྱུར། །དེ་བས་རྒྱལ་བུ་དྲི་མེད་ཀུན་ལྡན་ལ། །བཙུན་མོ་བླངས་ནས་ནོར་ལ་བསྡམས་པ་དྲག །ཞེས་ཞུས་པ་དང༌། དེར་རྒྱལ་བློན་ཐམས་ཅད་གྲོས་བྱས། ཡུལ་པདྨ་ཅན་ན་རྒྱལ་པོ་ཟླ་བ་བཟང་པོ་ཞེས་བྱ་བའི་བུ་མོ་མནྡེ་བཟང་མོ་ཞེས་བྱ་བ། གཟུགས་མཛེས་ཤིང་ལྟ་ན་སྡུག་པ། མདོག་དཀར་ལ་དྲི་ཞིམ་པ། དད་པ་ཆེ་ཞིང་ཆོས་ལ་མོས་པ། བློ་གསལ་ཞིང་ཆོས་ལ་མོས་པ། ལྷའི་བུ་མོ་ལྟར་ཀུན་གྱི་ཡིད་དུ་འོང་བ་དེ་ཉིད་རིན་པོ་ཆེའི་རྒྱན་དུ་མས་སྤྲས་ཏེ། རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་བཙུན་མོར་བླངས་སོ། །དེའི་ཚེ་བུ་མོ་དེ་ཉིད་རྒྱལ་བུ་ལ་གུས་ཤིང་བླ་མ་ལྟར་སྤྱི་བོར་འཁུར་ཏེ། དགའ་བ་དང་བཅས་པའི་སྒོ་ནས་རྒྱལ་བུ་ལ་འདི་སྐད་དུ་བསྟོད་པ། དྲི་མས་མ་གོས་རྒྱལ་བ་རྣམས་དང་མཚུངས། །ཀུན་དང་ལྡན་པས་ཡོན་ཏན་བསམ་ལས་འདས། །དཔལ་དང་འབྱོར་པའི་ལོངས་སྤྱོད་བསམ་མི་ཁྱབ། །དོན་ཀུན་འགྲུབ་པའི་ཡིད་བཞིན་ནོར་བུ་ལྟར། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཁྱོད་མཐོང་བས། །བཟང་མོ་དགའ་ཞིང་སེམས་ཀྱང་རབ་ཏུ་སྤྲོ། །ཞེས་ཞུས་པས། རྒྱལ་བུས་བཟང་མོ་ལ་གཟིགས་ནས་འདི་སྐད་གསུངས་སོ། །ཡེ་ནས་མ་བཅོས་མཛེས་སྡུག་ལྷ་མོའི་གཟུགས། །བདེ་བའི་གར་བསྒྱུར་སྙན་པའི་གླུ་དབྱངས་ཅན། །བཟང་མོ་རབ་མཛེས་ལྷ་མོ་ཁྱོད་མཐོང་བས། །ང་ཡང་དགའ་ཞིང་སེམས་ཀྱང་རབ་ཏུ་སྤྲོ། །རང་ཅག་གཉིས་ནི་སྨོན་ལམ་དབང་གིས་འཛོམས། །དགའ་བདེའི་དཔལ་ལ་སྤྱོད་དོ་དགའ་བར་གྱིས། །ཞེས་གསུངས་ནས། རྒྱལ་བུ་ཡབ་ཡུམ་ཕོ་བྲང་གི་ནང་དུ་དགའ་བདེ་ལ་ཞུགས་ཤིང་དམ་པའི་ཆོས་ལ་ལོངས་སྤྱོད་ཅིང་བཞུགས་པས། སྲས་ལྕམ་སྲིང་གསུམ་རིམ་པར་འཁྲུངས་སོ། །སྲས་ཆེ་བ་ལ་ལེགས་ལྡན། འབྲིང་བ་ལ་ལེགས་དཔལ། །ཆུང་བ་ལ་ལེགས་མཛེས་མ་ཞེས་བཏགས་སོ། །བཙས་སྟོན་ཡང་རྒྱ་ཆེན་པོ་མཛད་དོ། །དེ་ནས་ཉིན་གཅིག་རྒྱལ་པོ་མེ་ཏོག་ལྡུམ་རར་བློན་པོའི་ཚོགས་དང་བཅས་གཟིགས་སུ་བྱོན་པས། ཕོ་བྲང་གི་སྒོ་ཐམས་ཅད་ན་མི་མང་པོ་འདུས་འདུག་པས། ཐམས་ཅད་ལུག་བཤས་རར་བཅུག་པ་བཞིན་མིག་ཅེ་རེ་རེ་རྒྱལ་པོ་ལ་ལྟ་ཞིང་འདུག་པས། རྒྱལ་བུའི་ཞལ་ནས་ཕ་ཡི་དམ་ཐུགས་རྗེ་ཆེན་པོ་མཁྱེན་གསུངས་ནས་སྤྱན་ཆབ་འདོན་ཞིང་ཤུགས་རིང་ནར་ནར་ཕོ་བྲང་དུ་ལོག་ནས་སྡུག་བསྔལ་ཆེན་པོས་ནོན་ཏེ། ཨོཾ་མ༌ཎི་པདྨེ་ཧཱུཾ་ཧྲཱིཿ གསུངས་ཤིང་འཚོ་བ་ཡང་མི་བཞེས་པར་གཟིམས་འདུག་པས། དེར་ཡབ་རྒྱལ་པོ་སྲས་ཀྱི་རྩར་བྱོན་ནས་སྨྲས་པ། དྲི་མེད་ཀུན་ལྡན་ལེགས་པའི་དོན་འགྲུབ་དཔལ། །ཕོ་བྲང་དགའ་བའི་བསམ་གླིང་དམ་པ་རུ། །དགའ་བདེ་འབྱོར་བ་འདོད་དགུའི་དཔལ་ལ་སྤྱོད། །དེ་ལ་དགའ་ཞིང་མགུ་བར་མི་བྱེད་པར། །མི་དགའ་མྱ་ངན་བྱེད་པ་ཅི་ཞིག་ཡིན། །མ་གསང་བདག་ལ་གསལ་པོར་སྨོས་མཛོད་དང༌། །ཞེས་གསུངས་པ་དང༌། སྲས་ཀྱིས་ཡབ་ལ་ཞུས་པ། ལྷ་དབང་ཡབ་གཅིག་བདག་ལ་ཚུར་དགོངས་དང༌། །ཀྱེ་མ་འཁོར་བའི་སྡུག་བསྔལ་མཐའ་དག་ལ། །བསམ་ཞིང་བལྟས་ན་སྐྱོ་བ་སྐྱེ་བའི་རྒྱུ། །ལས་ཀྱིས་དེད་པའི་སྐྱེ་བོ་མིག་ལོང་དང༌། །དེ་ལ་སོགས་པའི་འགྲོ་བ་རིགས་དྲུག་ཚོ། །སྐྱེ་རྒ་ན་འཆིའི་གཡང་ལ་ལྷུང་ཉེན་གདའ། །མ་ལྷུང་ཐར་ན་བདག་གི་མྱ་ངན་གྲོལ། །ཅེས་ཞུས་པ་དང༌། ཡབ་ཀྱིས་སྨྲས་པ། དྲི་མེད་བུ་ཁྱོད་བདག་ལ་ཚུར་ཉོན་དང༌། །འགྲོ་བའི་སྡུག་བསྔལ་རང་རང་ལས་ལ་གྲུབ། །མྱ་ངན་བྱས་པས་ཕན་པ་ཅི་ཡང་མེད། །དྲི་མེད་ཀུན་ལྡན་དགའ་བདེའི་དཔལ་ལ་སྤྱོད། །ང་ཡི་བཀའ་བཅག་ཉེས་པ་ཤིན་ཏུ་ཆེ། །ཞེས་གསུངས་པ་དང༌། ཡང་སྲས་ཀྱིས་ཞུས་པ། མི་དབང་ཡབ་གཅིག་བདག་ལ་ཚུར་དགོངས་དང༌། །ཕོ་བྲང་སྒོ་ཕྱིར་རིགས་དྲུག་སྡུག་བསྔལ་མཐོང༌། །དབུལ་ཞིང་འཕོངས་པའི་སྐྱེ་བོ་འབྱོར་མེད་ལ། །ཡབ་ཀྱིས་ཞིབ་པར་བསགས་པའི་ནོར་རྫས་རྣམས། །སྦྱིན་པར་བཏང་ན་བདག་གི་མྱ་ངན་གྲོལ། །ཅེས་ཞུས་པས། དེ་ནས་ཡབ་ཀྱི་ཞལ་ནས། ང་ཡི་དྲི་མེད་ཀུན་ལྡན་དོན་འགྲུབ་དཔལ། །བདག་ལ་བསམ་རྒྱུ་བུ་ལས་མེད་པ་ལ། །བུ་ཁྱོད་ཅི་དགའ་གྱིས་ལ་མྱ་ངན་བོར། །ཅེས་གསུངས་པ་དང༌། ངའི་ནོར་རྣམས་ཁྱེད་རང་ཅི་དགའ་བར་ལོངས་སྤྱོད་ཅིག་གསུངས། དེ་ནས་རྒྱལ་བུས་བང་མཛོད་ཀྱི་ནོར་རྣམས་ཐམས་ཅད་ཕྱོགས་གཅིག་ཏུ་སྤུངས་ནས་འཛམ་བུ་གླིང་པའི་མི་རྣམས་སྐད་བཏང་སྟེ་སྦྱིན་པའི་ཆར་ཕབ། མི་རྣམས་ཀྱང༌། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཞེས་འདྲེན་དུ་བཅུག་ནས་མི་ཐམས་ཅད་དབུལ་བའི་སྡུག་བསྔལ་ལས་གྲོལ་ལོ། །དེའི་དུས་སུ་མཐའ་འཁོབ་བྱེ་མ་ཤིང་དྲུང་གི་རྒྱལ་པོ་ཤིང་ཁྲི་བཙན་པོ་ཞེས་བྱ་བ་དེ་ལོག་པའི་བློར་གྱུར་ཏེ་ཁོང་རང་གི་འཁོར་རྣམས་བསགས་ནས། སྨྲས་པ། ང་ཡི་འཁོར་རྣམས་བདག་ལ་ཚུར་ཉོན་དང༌། ཡུལ་ཕྱོགས་བྷེ་ཏའི་གྲོང་ཁྱེར་ཆེན་པོ་ན། །རྒྱལ་བུ་དྲི་མེད་ཀུན་ལྡན་བྱ་བ་དེས། །ནོར་རྣམས་སྦྱིན་པར་གཏོང་བའི་དམ་བཅས་ཏེ། །ཕྱོགས་མེད་སྦྱིན་པ་ཀུན་ལ་བཏང་བ་ནི། །ཀུན་གྱིས་སྨྲས་པ་ང་ཡི་རྣ་བས་ཐོས། །ཁོང་གི་ནོར་བུ་དགོས་འདོད་དཔུང་འཇོམས་དེ། །སློང་དུ་འགྲོ་ནུས་སུ་ཡོད་ད་ལྟ་སྨོས། །དེ་ལ་ང་ཡི་རྒྱལ་སྲིད་ཕྱེད་སྟེར་རོ། །ཞེས་གསུངས་པ་དང༌། དེར་འཁོར་རྣམས་ན་རེ། ནོར་བུ་མི་སྟེར་བའི་རང་སྲོག་གཏོར་ཉེན་ཡོད་ཞུས་པས། ཁས་ལེན་མཁན་གཅིག་ཀྱང་མ་བྱུང་ངོ༌། །དེར་བྲམ་ཟེ་རྒན་པོ་ཁ་ལ་སོ་མུ་ཏིག་ཙམ་མེད་པ་ཞིག་ལངས་ནས། རྒྱལ་པོ་ཆེན་པོ་ལགས་བདག་གིས་འགྲོ་བར་ཞུས་སོ། །ལམ་ཆས་དང་གོས་ལྷམ་སྒྲུབས་ཤིག་ཟེར། དེར་རྒྱལ་པོས་ལམ་ཆས་དང་གོས་ལྷམ་བཅས་བཏང་ངོ༌། །དེར་བྲམ་ཟེ་ལ་ལུང་མང་པོ་བརྒྱབས་ནས་བྷེ་ཏའི་ཡུལ་དུ་སླེབས་པ་དང༌། ཕོ་བྲང་གི་ཕྱིར་ཨོལ་སྒོ་ལག་པར་བཀལ་ནས་མིག་མཆི་མ་ཙེ་རེར་བྱས་བསྡད་པས། བློན་པོ་གཅིག་བྱོན་ནས། རྒན་པོ་གང་ནས་ཡིན་སུ་འདོད་པ་ཡིན་ཟེར་བ་དང༌། བྲམ་ཟེ་ན་རེ། བདག་བྱེ་མ་ཤིང་དྲུང་ནས་ཡིན། རྒྱལ་བུ་དྲི་མེད་ཀུན་ལྡན་ལ་ཟས་ནོར་ཅིག་སློང་དུ་འོང་བ་ལགས་བྱས་པས། དེར་བློན་པོས་རྒྱལ་པོ་ལ་ཞུ་བ་ཕུལ་བས། རྒྱལ་བུ་ཤིན་ཏུ་དགྱེས་ཏེ་ཕོ་བྲང་གི་སྒོར་ཕེབས་ནས་བྲམ་ཟེ་ལ་སྨྲས་པ། ཀྱེ་མ། གྲོགས་པོ་ཁྱོད་ནི་ཐག་རིང་ལམ་ནས་འོངས། །ལ་ལུང་མང་པོ་མྱུར་དུ་བརྒལ་བ་ལ། །ཐང་ཆད་སྐུ་ནི་ངལ་བར་མ་གྱུར་ཏམ། །གང་འདོད་བཀའ་དེ་མྱུར་དུ་སྩོལ་ཅིག་ཨང༌། །ཁྱོད་ཀྱི་འདོད་པ་བདག་གིས་སྒྲུབ་ལགས་སོ། །ཞེས་གསུངས་པ་དང༌། བྲམ་ཟེ་ཁོ་མིག་ནས་མཆི་མ་ཙེར་བྱས། ལག་པ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་ཞུས་པ། མཐའ་ཡས་འགྲོ་བ་ཀུན་གྱི་མིག་གཅིག་པུ། །བདག་གི་ཡུལ་ནི་བྱེ་མ་ཤིང་དྲུང་ཡིན། །བདག་གི་རྒྱལ་པོ་ཤིང་ཁྲི་བཙན་པོ་དེ། །ཕོ་ནད་ཅིག་གིས་ལོ་གསུམ་སྐོར་ནས་གྲོངས། །དེ་ཡི་སྟོབས་ཀྱིས་འབངས་དང་འཁོར་གཡོགས་ཉམས། །བདག་གི་མིང་ལ་བྲམ་ཟེ་བློ་གྲོས་ཟེར། །བཟའ་མི་ལྟོགས་པ་ཞིག་གི་ཕ་ཡིན་ལགས། །བུ་ཚ་ཡི་དྭགས་འདྲ་བ་མང་པོས་བསྐོར། །ཁ་ཟས་མ་འབྱོར་ཉིན་མོ་ལྟོགས་པར་ལུས། །གོས་ཀྱིས་མ་འདུས་མཚན་མོ་གཅེར་བུར་ལུས། །ཁྱེད་ནི་ཉེ་རིང་མེད་པ་ཀུན་ལ་བྱམས། །ཁྱེད་ནི་སྦྱིན་པ་ཕྱོགས་མེད་ཀུན་ལ་གཏོང༌། །བདག་ཅག་དབུལ་ཞིང་ཕོངས་པའི་བྲམ་ཟེ་ལ། །བྷེ་ཏའི་རྒྱལ་པོ་དྲི་མེད་ཀུན་ལྡན་གྱིས། །ཡིད་འདོད་ཡོད་པའི་སྦྱིན་པ་གནང་བར་ཞུ། །མ་ཤི་བར་དུ་ཡིག་དྲུག་དམ་བཅའ་འབུལ། །ཞེས་ཞུས། དེར་རྒྱལ་བུས་བྲམ་ཟེ་བང་མཛོད་དུ་ཁྲིད་ནས་ནོར་བུ་བསམ་འཕེལ་ལ་སོགས་པ་ནོར་བུའི་རིགས་བསམ་གྱིས་མི་ཁྱབ་པ་གནང་བས། བྲམ་ཟེ་ན་རེ། རྒྱལ་པོ་བདག་ལ་ཚུར་དགོངས་དང༌། །ནོར་བུ་འདི་རྣམས་འདོད་ཕྱིར་ཡོང་བ་མིན། །དགོས་འདོད་དཔུང་འཇོམས་འདོད་ཕྱིར་ཡོང་བ་ཡིན། །ཆོས་ཀྱི་རྒྱལ་པོ་དྲི་མེད་ཀུན་ལྡན་གྱིས། །དགོས་འདོད་དཔུང་འཇོམས་བདག་ལ་གནང་བར་ཞུ། །ཞེས་ཞུས་པས། རྒྱལ་བུས་བྲམ་ཟེ་ལ་སྨྲས་པ། དགའ་བའི་བློ་གྲོས་བྲམ་ཟེ་ཚུར་ཉོན་དང༌། །ནོར་བུ་རིན་ཆེན་དགོས་འདོད་དཔུང་འཇོམས་དེ། །ཡབ་ཀྱིས་བདག་ལ་གནང་བ་མ་ཡིན་ནོ། །ད་དུང་ཡབ་ཀྱིས་བདག་ལ་མི་གནང་ངོ༌། །མི་ནོར་སྦྱིན་པ་བཏང་ན་ཁ་མཆུའི་རྒྱུ། །དེ་བས་རང་དབང་ཡོད་པའི་ནོར་བུ་བཞེས། །དཔུང་འཇོམས་འདི་ལ་དགོངས་པ་མ་མཛད་ཅིག །ཅེས་གསུངས་པ་དང༌། བྲམ་ཟེ་ན་རེ། རྒྱལ་བུ་ཁྱོད་ནི་བདག་ལ་ཚུར་ཉོན་དང༌། །ཁྱོད་ཀྱི་སྦྱིན་གཏོང་སྙན་གྲགས་མང་ཐོས་ནས། །ཐག་རིང་ལམ་དུ་དཀའ་བ་སྤྱད་ནས་འོང༌། །རེ་དོགས་དེ་ལྟར་ཡིན་ན་ཡིད་མ་ཆེས། །དགོས་འདོད་དཔུང་འཇོམས་བློ་ཡིས་མི་ཐོངས་ན། །ཕ་རོལ་ཅི་འདོད་སྟེར་བ་བརྫུན་མར་འདུག །དམ་བཅའ་འདི་དང་འགལ་བ་ཀྱེ་མ་ཧུད། །ད་ནི་རང་གི་ཡུལ་དུ་ལོག་ནས་འགྲོ། །ནོར་བུ་འདི་རྣམས་མི་དགོས་ཁྱེད་རང་ཁྱེར། །ཟེར་ནས་ཁོ་ཁྲོས་ནས་ལོག་སོང་བ་དང༌། རྒྱལ་བུས་བྲམ་ཟེའི་རྗེས་ལ་བྱོན་ནས་སྨྲས་པ། གྲོགས་པོ་ཁྱོད་ནི་ཐུགས་ལོག་མ་མཛད་ཅིག །བྱམས་པའི་སེམས་ཀྱིས་བདག་ལ་དགོངས་མཛོད་དང༌། །དགོས་འདོད་དཔུང་འཇོམས་འདི་ཡི་བྱུང་ཚུལ་ནི། །རྒྱ་མཚོའི་གཏིང་གི་ཀླུ་མོ་དཀར་མོ་ཡིས། །སངས་རྒྱས་འོད་དཔག་མེད་ལ་ཕུལ་བ་ཡིན། །འོད་དཔག་མེད་ཀྱིས་བདག་གི་ཡབ་ལ་གནང༌། །མི་དབང་རྒྱལ་པོས་བདག་ལ་གནང་བ་མིན། །རྒྱལ་པོའི་ཆབ་སྲིད་བརྟན་ཅིང་རྒྱས་པ་ཡང༌། །དགོས་འདོད་དཔུང་འཇོམས་འདི་ལས་བྱུང་བ་ཡིན། །ཟླ་བཟང་ལ་སོགས་བློན་པོ་སུམ་སྟོང་ཡང༌། །དགོས་འདོད་དཔུང་འཇོམས་འདི་ལས་བྱུང་བ་ཡིན། །བདེ་སྐྱིད་ལྡན་ཞིང་དཔལ་འབྱོར་འཛོམས་པ་ཡང༌། །དགོས་འདོད་དཔུང་འཇོམས་འདི་ལས་བྱུང་བ་ཡིན། །མི་དབང་ཆེན་པོའི་དཔལ་འབྱོར་འདི་ཡིས་འཐོབ། །འདོད་དགུ་འབྱུང་བའི་རིན་ཆེན་བུམ་པ་འདི། །ཕ་རོལ་དགྲ་བོའི་དམག་དཔུང་འདི་ཡིས་འཇོམས། །ཁམས་གསུམ་འདི་ན་དཀོན་པའི་ནོར་བུ་ཡིན། །སྟོང་གསུམ་འཇིག་རྟེན་ཡོངས་ཀྱི་ཁྱད་ནོར་འདི། །བདག་ནི་འཆི་བའི་སྲོག་ལ་བབ་ཀྱང་རུང༌། །ད་རེས་སྦྱིན་པ་ཆོས་ཀྱི་ལམ་ཡིན་པས། །བྲམ་ཟེ་བློ་གྲོས་ཁྱེད་ལ་སྟེར་བར་བྱ། །ཞེས་ནོར་བུ་རིན་ཆེན་མཆོང་གི་གའུའི་ནང་དུ་བཅུག་སྟེ་གླང་པོ་ཆེ་གཅིག་དང་བཅས། བྲམ་ཟེ་ལ་གནང་ནས་འདི་སྐད་གསུངས་སོ། །ལེགས་ལྡན་བྲམ་ཟེ་ཆེན་པོ་ད་བཞེངས་ཤིག །གཞོན་ནུ་སྟོབས་རྩལ་ལྡན་པའི་གླང་ཆེན་ལ། །དཔུང་འཇོམས་འདོད་དགུའི་གཏེར་ཆེན་མགྱོགས་པར་ཁོལ། །གལ་ཏེ་ཡབ་གྱིས་གསན་ན་རྗེས་བསྙེགས་ནས། །ནོར་བུ་གླང་པོ་ཆེ་དང་བཅས་པ་འཕྲོག །འཕྲོག་པས་མི་ཆོག་ཁྱོད་རང་སྲོག་དང་བྲལ། །ལེ་ལོ་སྤངས་ནས་བརྩོན་འགྲུས་ལམ་ཞུགས་ནས། །རང་གཞན་གཉིས་ཀྱི་དོན་ཆེན་སྒྲུབ་པར་མཛོད། །ཅེས་གསུངས་པ་དང༌། བྲམ་ཟེས་ཞུས་པ། ལེགས་པར་ཐུགས་ལ་བཏགས་སོ་རྒྱལ་བའི་སྲས། །ཁམས་གསུམ་འགྲོ་བ་ཀུན་གྱི་སྐྱབས་གཅིག་པུ། །དུས་གསུམ་བདེ་གཤེགས་སངས་རྒྱས་སྤྲུལ་པའི་སྐུ། །སྲིད་གསུམ་འགྲོ་བ་འདྲེན་མཆོག་ཐར་བའི་ལམ། །སངས་རྒྱས་བསྟན་པ་ཉིན་མོར་བྱེད་པའི་མཆོག །འཁོར་བའི་ཆུ་བོ་ཆེ་ལས་སྒྲོལ་བའི་གྲུ། །འགྲོ་དྲུག་འཁོར་བ་འཇོམས་པའི་དམག་དཔུང་ཅན། །རྒྱལ་པོ་དཔའ་རྩལ་ཅན་ལ་ཕྱག་འཚལ་བསྟོད། །དེ་ནས་གླང་པོ་ཆེ་ལ་ནོར་བུ་བཀལ་ནས་བྲམ་ཟེ་བཞུད་དོ། །དེར་རྒྱལ་བུས་སྨོན་ལམ་བཏབ་པ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས། །དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་གིས་འགྲོ་བའི་ཅི་བསམ་འགྲུབ་པ་དང༌། །ཐེག་ཆེན་སེམས་ཀྱི་སྦྱིན་པ་རྫོགས་པ་དང༌། །དཔུང་འཇོམས་གཞན་གྱིས་འཕྲོག་པར་མ་གྱུར་ཅིག །མཐའ་ཁོབ་བྱེ་མའི་ཡུལ་དུ་སླེབས་པར་ཤོག །ཅེས་སྨོན་ལམ་བཏབ་ནས་རྒྱལ་བུ་ཕོ་བྲང་དུ་ཕེབས་སོ། །དེ་ནས་ཟླ་བ་གཅིག་ཙམ་སོང་བ་དང༌། ནོར་བུ་བྱིན་ནས་མེད་པ་ཚོར་ནས། རྒྱལ་བློན་འབངས་འཁོར་གཡོགས་རྣམས་ཀྱིས་མྱ་ངན་བྱས་སོ། །དེའི་དུས་སུ་ཐམས་ཅད་གྲོས་བྱས་པས། བདུད་བློན་ཏ་ར་མཛེས་ཀྱིས་ཡབ་རྒྱལ་པོའི་དྲུང་དུ་ཕྱིན་ནས་འདི་སྐད་ཅེས་གསོལ་ཏོ། །ཡབ་གཅིག་རྒྱལ་པོ་བདག་ལ་དགོངས་མཛོད་དང༌། །རྗེ་ཡི་ནོར་བུ་དགོས་འདོད་དཔུང་འཇོམས་དེ། །སྲས་ཀྱིས་འཕངས་མེད་དགྲ་ལ་བྱིན་ནས་ཐལ། །མི་བདེན་དགོངས་ན་བང་མཛོད་གཟིགས་དང་གསལ། །དཔུང་འཇོམས་མེད་པའི་བུ་ཡིས་ཅི་ཞིག་བྱ། །ཁྲིམས་ཀྱི་ལས་ལ་སྦྱར་ན་མི་རིགས་སམ། །ཞེས་ཞུས་པ་དང༌། རྒྱལ་པོས་འདི་སྐད་གསུངས་སོ། །གཏམ་དེ་བདེན་ནམ་བློན་པོ་ཏ་ར་མཛེས། །ཐོས་པའི་གཏམ་ལ་ཕྱེད་བདེན་ཕྱེད་མི་བདེན། །དྲི་རྟོག་བརྡར་ཤ་ད་དུང་བྱེད་ལོང་ཡོད། །བློན་པོས་ཕྲ་མ་བརྫུན་ཚིག་མ་བྱེད་ཅིག །དཔུང་འཇོམས་དགྲ་ལ་སྟེར་རང་མི་ཕོད་དམ། །ཞེས་གསུངས་པ་དང༌། ཡང་ཏ་ར་མཛེས་ཀྱིས་སྨྲས་པ། ནོར་བུ་རིན་ཆེན་དགོས་འདོད་དཔུང་འཇོམས་དེ། །དགྲ་ལ་བྱིན་པ་བདག་གི་མིག་གིས་མཐོང༌། །མཐའ་མི་བྲམ་ཟེ་གཅིག་ལ་བྱིན་ནས་སོང༌། །བདག་གི་ཚིག་ལ་བདེན་པར་མི་འཛིན་ན། །གདུང་རྒྱུད་སྲས་ཀྱིས་སྦྱིན་པའི་ཁ་མི་འགག །བདག་ལ་ཁྱད་མེད་ཁྱེད་རང་ཅི་དགའ་མཛོད། །ཟེར་ནས་ཁོ་ཁྲོས་ནས་སོང་ངོ༌། །ཡབ་རྒྱལ་པོ་ཡང་ཐུགས་མ་བདེ་ཞིང་ལུས་བཙན་དུག་གི་ཁུ་བ་འཐུངས་པ་བཞིན་དུ་སྦྲིལ་ཆི་ལི་ཞལ་རས་ནག་རོག་གེ་སོང༌། སང་ཉི་མ་ཤར་བ་དང་རྒྱལ་པོས་སྲས་ཀྱི་རྩར་བྱོན་པ་དང་སྲས་ཞལ་རས་ས་ལ་བུབ་ནས་འདུག་པ་དང༌། ཡབ་ཀྱིས་འདི་ལྟར་གསུངས་པ། ང་ཡི་དྲི་མེད་ཀུན་ལྡན་དོན་གྲུབ་དཔལ། །དྲང་པོའི་གཏམ་ཞིག་སྨོས་དང་ལེགས་ལྡན་དཔལ། །གྲོང་ཁྱེར་བྱེ་བ་བརྒྱ་ལ་འོད་ཆགས་པའི། །མི་དབང་ཆེན་པོའི་སྐུ་ལས་བྱུང་བ་ཡིན། །གདུང་རབས་འདོད་དགུ་འབྱུང་བའི་རིན་ཆེན་གཏེར། །ཁྱོད་ཀྱིས་དགྲ་ལ་བྱིན་པ་མ་ཡིན་ནམ། །དྲི་མེད་ཀུན་ལྡན་ཁྱོད་ཀྱིས་ལེགས་པར་སྨོས། །ཞེས་གསུངས་པ་དང༌། སྲས་ཀྱིས་ཡབ་ལ་ཕྱག་བཙལ་ཐལ་མོ་སྦྱར་ནས་ཞུ་བ་འབུལ་མ་ནུས་པ་དང༌། ཡང་ཡབ་ཀྱིས་གསུངས་པ། གྲོང་ཁྱེར་ཆེན་པོ་དགུ་ཁྲི་ཉིས་སྟོང་དང༌། །རྒྱལ་ཕྲན་དྲུག་ཅུ་བློན་པོ་སུམ་སྟོང་དང༌། །ནོར་བུ་རིན་ཆེན་བསམ་འཕེལ་ལྔ་བརྒྱ་དང༌། །གསེར་དངུལ་ལ་སོགས་བང་མཛོད་མང་པོ་དང༌། །ནོར་དབྱིག་ཁྱད་ནོར་དུ་མ་ཡོད་ལགས་ཀྱང༌། །དཔུང་འཇོམས་འདྲ་བའི་ནོར་བུ་ཡོད་མ་ཡིན། །དཔུང་འཇོམས་དགྲ་ལ་བྱིན་པ་བདེན་ནམ་ཅི། །ཞེས་གསུངས་པ་དང༌། སྲས་ཀྱི་ཐུགས་ལ་ད་ངས་ནོར་བུ་སྟོན་རྒྱུ་མེད་པས་གསང་མི་ཐུབ། ད་དྲང་པོར་ཞུ་དགོས་དགོངས་ནས་སྨྲས་པ། མི་དབང་རྒྱལ་པོ་ཆེན་པོ་བདག་ལ་དགོངས། །ཐག་རིང་ལམ་དུ་དཀའ་བ་སྤྱད་པའི་མི། །ནོར་གྱིས་དབུལ་ཞིང་ཟས་ནོར་ཕོངས་པའི་མི། །མི་ཡི་ལུས་ལ་བཀྲེས་སྐོམས་སྡུག་བསྔལ་ཅན། །མཐའ་མི་བྲམ་ཟེ་ཞིག་ལ་བྱིན་པ་བདེན། །ཡབ་ཀྱིས་བདག་ལ་བཀའ་བཀྱོན་མེད་པ་ཞུ། །ཞེས་ཞུས་པ་དང༌། ཡབ་རྒྱལ་པོ་དྲན་མེད་དུ་བརྒྱལ་ལོ། །བཙུན་མོའི་ཚོགས་རྣམས་ཀྱང་མྱ་ངན་ཆེན་པོས་ནོན་ཏོ། །དེ་ནས་ཡུད་ཙམ་ཞིག་ནས་བརྒྱལ་བ་སངས་ཏེ། །འདི་སྐད་ཅེས་སྨྲས་སོ། །བྱང་ཕྱོགས་སྒྲ་དབྱངས་ཤིང་ཁྲི་རྔ་ལྡན་ན། །མངའ་བདག་སྒྲ་དབྱངས་རྔ་སྒྲའི་རྒྱལ་པོ་དེ། །མངའ་ཐང་མཐོ་ཡང་དེ་འདྲའི་ནོར་བུ་མེད། །ལྷོ་ཕྱོགས་འཛམ་གླིང་རིན་ཆེན་འབྱུང་བའི་ཡུལ། །དེ་ཡི་རྒྱལ་པོ་གྲགས་པ་མཐའ་མེད་དེ། །མངའ་ཐང་མཐོ་ཡང་དེ་འདྲའི་ནོར་བུ་མེད། །དབུས་ཕྱོགས་བྱི་རུ་ཨིནྡྲའི་ཤོད་ཤ་ན། །དེ་འདྲའི་རྒྱ་པོ་ཨིནྡྲ་བྷོ་ངྷི་དེ། །མངའ་ཐང་མཐོ་ཡང་དེ་འདྲའི་ནོར་བུ་མེད། །ང་ཡི་གཏེར་ཆེན་བུམ་པ་བཟང་པོ་དེ། །ཕྱིའི་དགྲ་འདུལ་ནང་ལ་དངོས་གྲུབ་འབྱུང༌། །རིན་ཆེན་རིན་ཐང་མེད་པའི་གཏེར་ཆེན་དེ། །མི་ངན་དགྲ་བོ་ཁྱོད་ཀྱིས་མེད་པར་བཏང༌། །ང་ཡི་ཆབ་སྲིད་རླུང་ལ་བསྐུར་ནས་སོང༌། །ཞེས་གསུངས་པ་དང༌། སྲས་ཀྱིས་ཡབ་ལ་ཞུས་པ། མི་དབང་ཡབ་གཅིག་བདག་ལ་ཚུར་དགོངས་དང༌། །བདག་ནི་སྦྱིན་པའི་ལམ་ལ་ཤིན་ཏུ་མོས། །ཕ་རོལ་ཅི་འདོད་སྟེར་བའི་དམ་བཅའ་བྱས། །སློང་མི་བྱུང་ན་བུ་དང་བུ་མོ་སྟེར། །རང་གི་སྲོག་ཀྱང་སྟེར་མོས་དེ་ལྟར་ན། །ཡབ་ཀྱང་ནོར་ལ་ཞེན་ཆགས་ཆུང་བར་མཛོད། །ཅེས་ཞུས་པ་དང༌། ཡབ་ཀྱིས་གསུངས་པ། སྔོན་ཆད་ནོར་བུ་རིན་ཆེན་ཡོད་པའི་དུས། །ཆབ་སྲིད་རྒྱས་ཤིང་བདེ་སྐྱིད་ལྡན་པ་ཡིན། །ད་ནི་དཔུང་འཇོམས་དེ་འདྲ་མེད་ཙ་ན། །ང་ཡི་ཆབ་སྲིད་དགྲ་ལ་ཤོར་བ་ཡིན། །ཚེ་སྔོན་དགྲ་བོ་ཁྱོད་ཀྱིས་གང་བྱེད་པ། །ཕ་ལ་མི་འདྲི་མ་ལ་གྲོས་མེད་པར། །ཁྱད་ནོར་དགྲ་ལ་གཏོང་བ་ཅི་ཡིན་པ། །ཞེས་གསུངས་པས། ཡང་སྲས་ཀྱིས་ཞུས་པ། ལྷ་དབང་ཡབ་གཅིག་བདག་ལ་ཚུར་གསོན་དང༌། །སྔོན་དུས་ཡབ་དང་བདག་ཉིད་དམ་བཅས་པ། །སེམས་ཅན་དབུལ་ཕོངས་སྡུག་བསྔལ་མཐའ་དག་ལ། །བདག་ནི་སྦྱིན་པ་གཏོང་ལ་དགའ་བ་སྟེ། །ལུས་ལས་ཆད་པའི་བུ་ཚ་མིང་སྲིང་དང༌། །རང་གི་སྲོག་དང་དགོས་འདོད་དཔུང་འཇོམས་ཡང༌། །སྦྱིན་པར་གཏོང་ངོ་ཡབ་ལ་མ་ཞུས་སམ། །ཞེས་ཞུས་པ་དང༌། ཡང་ཡབ་ཀྱིས་གསུངས་པ། སྔོན་ཆད་བསམ་འཕེལ་ལ་སོགས་ནོར་བུ་དང༌། །གསེར་དངུལ་ཟངས་ལྕགས་འབྲུ་ཡི་བང་མཛོད་དང༌། རྟ་དང་གླང་པོ་མ་ཧེའི་ཚོགས་རྣམས་ཀུན། །སྦྱིན་པར་གཏོང་བའི་ཆད་དོན་ཡོད་མོད་དེ། །ཁྱོད་རང་སྲོག་དང་དགོས་འདོད་དཔུང་འཇོམས་གཉིས། །སྦྱིན་པ་གཏོང་བའི་ཆད་དོན་བྱས་པ་མེད། །ཅེས་གསུངས་པ་དང༌། སྲས་ཀྱིས་ཞུས་པ། ཡབ་གཅིག་རྒྱལ་པོ་བདག་ལ་ཚུར་གསོན་དང༌། །སྦྲང་མས་འབད་ནས་བསགས་པའི་སྦྲང་རྩི་དེ། །འབད་ཀྱང་འབྲས་བུ་དོན་ཡོད་མ་ཡིན་ནོ། །ཡབ་ཀྱང་ནོར་ལ་ཞེན་ཆགས་ཆེ་ནའང་། །སེར་སྣས་བཅིངས་པའི་ནོར་ལ་སྙིང་པོ་མེད། །སྟོང་གསུམ་ནོར་ལ་དབང་བའི་རྒྱལ་པོ་ཡང༌། །འཇིག་རྟེན་འདི་ནས་ཕ་རོལ་འགྲོ་བའི་ཚེ། །ནོར་མེད་ལག་པ་སྟོང་བར་འགྲོ་དགོས་པས། །ཟང་ཟིང་ནོར་ལ་ཆགས་པ་མ་འཁྲུལ་ལམ། །ཡབ་ཀྱང་ནོར་ལ་ཞེན་པ་ཆུང་བར་མཛོད། །སེར་སྣས་བཅིངས་པས་ཐུགས་དེ་འཕྲང་གྱུར་ཀྱང༌། །ད་ནི་ནོར་བུ་དཔུང་འཇོམས་ལོག་མི་འགྱུར། །ཅེས་ཞུས་སོ། །ཡབ་ཀྱིས། ཚེ་སྔོན་དགྲ་བོ་བུ་རུ་བརྫུས་ནས་ནི། །ནོར་བུ་དཔུང་འཇོམས་མེད་པར་གྱུར་པ་དེ། །ཤར་བའི་ཉི་མ་དགོང་མོར་ནུབ་པ་ཡིན། །ང་ཡི་རྒྱལ་སྲིད་རླུང་ལ་བསྐུར་ནས་སོང༌། །ཀྱི་མ་ཀྱི་ཧུད་བྱ་བ་འདི་ལ་ལྟོས། །ཞེས་གསུངས་སོ། །སྲས་ཀྱིས་ཞུས་པ། བདག་ཏུ་མི་འཛིན་ཀུན་ལ་བྱམས་པ་དང༌། །བདག་འཛིན་སེར་སྣའི་ནོར་དང་བྲལ་གྱུར་ན བདག་གཞན་དོན་འགྲུབ་དགའ་བའི་ཉི་མ་ཡང༌། །ཤར་བར་འགྱུར་རོ་གཅིག་པུར་ཆོས་ལ་འབུངས། །ཞེས་ཞུས་པ་དང༌། ཡང་ཡབ་ཀྱིས་གསུངས་པ། བུ་རུ་བརྫུས་ནས་གཅེས་པར་བསྐྱངས་ན་ཡང༌། །ལོག་པའི་མདུན་མས་རྒྱལ་སྲིད་སྟོངས་སུ་བཅུག །དཔུང་འཇོམས་མེད་པའི་དགྲ་བོ་ཁྱོད་འདྲ་ཞིག །བདག་ལ་དགོས་པ་མེད་དོ་ཁྲིམས་ལ་སྦྱོར། །ཞེས་རྒྱལ་བུ་དྲི་མེད་ཀུན་ལྡན་གཤེད་མ་རྣམས་ཀྱི་ལག་ཏུ་གཏད་ནས། དེར་གཤེད་མ་རྣམས་ཀྱིས་རྒྱལ་བུ་བཟུང་ནས་སྐུ་ལུས་གཅེར་བུར་བྱས། ཕྱག་གཉིས་ནི་རྒྱབ་ཏུ་བཅིངས། སྐེ་ལ་ཐག་པ་བཏགས་ནས་ཕོ་བྲང་གི་ཕྱིར་བསྐོར་བ་ལ་ཁྲིད་དོ། །དེའི་དུས་སུ་རྒྱལ་བུའི་བཙུན་མོ་མནྡེ་བཟང་མོས་སྲས་ལྕམ་སྲིང་གསུམ་པོ་ཁྲིད་ནས་རྒྱལ་བུ་དྲི་མེད་ཀུན་ལྡན་གྱིས་ཕྱིར་འབྲངས་ཤིང༌། ལག་པས་ནི་རང་གི་སྐྲ་འབུད། མིག་ནི་མཆི་མས་གང༌། སེམས་ནི་མི་དགའ་བའི་སྨྲེ་སྔགས་འདི་སྐད་འདོན་ནོ། །ཀྱི་ཧུད་ཀྱི་ཧུད་འདི་འདྲའི་སྡུག་བསྔལ་ལ། །བདག་གིས་དྲི་མེད་ཀུན་ལྡན་དོན་འགྲུབ་དཔལ། །མ་ཤི་དམྱལ་བའི་སྡུག་བསྔལ་དེ་རིང་མཐོང༌། །ལྷ་ཡི་དམག་དཔུང་དུས་དེར་མི་སླེབས་སམ། །སངས་རྒྱས་རྣམས་ཀྱིས་དཔང་པོ་མི་མཛད་དམ། །རྒྱལ་བུ་ཉེས་མེད་པོ་ལ་ཐུགས་རྗེས་གཟིགས། །བདག་གི་དྲི་མེད་ཀུན་ལྡན་དོན་གྲུབ་དཔལ། །ལེགས་པའི་ལམ་ལ་ཤིན་ཏུ་མོས་ན་ཡང༌། །གོ་བ་མེད་པའི་རྒྱལ་བློན་འཁོར་བཅས་ཀྱིས། །སྙིང་རྗེ་མེད་པའི་ལས་རིགས་འདི་འདྲ་བྱས། །མ་དང་བུ་གཉིས་ནོར་ལ་འདམ་པར་འདུག །མི་སྲིད་སྲིད་པའི་རྒྱལ་ཁྲིམས་འདི་འདྲ་ཨང༌། །ཐུགས་བསམ་ཐོངས་དང་སྙིང་ཡང་མི་རྗེའམ། །དགྲ་བོ་ཡིན་ཡང་དེ་འདྲ་ག་ལ་ཕོད། །སྣང་སྲིད་སྲིད་པའི་ལྷ་དང་གནོད་སྦྱིན་ཚོགས། །མི་དབང་ཆེ་དང་ས་བདག་སྟོབས་པོ་ཆེ། །མིའམ་ཅི་སོགས་ནུས་མཐུ་ལྡན་པ་རྣམས། །བདག་ཅག་མ་བུ་རྣམས་ཀྱི་མྱ་ངན་འདི། །སྐྱོབ་པའི་ནུས་མཐུ་ལྡན་པ་ཡོད་དམ་ཅི། །ཡོད་ན་སྐྱོབ་དང་དྲིན་ལན་མྱུར་དུ་འཇལ། །ཀྱི་ཧུད་ཀྱི་ཧུད་སྡུག་བསྔལ་འདི་འདྲ་བ། །སྙིང་གིས་མི་བཟོད་ཡིད་ཀྱིས་ག་ལ་ཕོད། །འདི་འདྲ་མ་མཐོང་གོང་དུ་མི་འཆི་བར། །ཟེར་ཞིང་དྲི་མེད་ཀུན་ལྡན་གྱི་ཕྱིར་འབྲངས་སོ། །དེ་ནས་གཤེད་མའི་ཚོགས་རྣམས་ཀྱིས་གོ་ཆ་འདི་ལྟར་ཐོགས་ཏེ། སྟ་དཀར་གྱི་མདའ་དང༌། རྭ་ཆེན་གྱི་གཞུ་དང༌། རལ་གྲི་དང༌། གླང་ཆེན་གྱི་འགྱོགས་དང༌། དུང་ཆེན་གྱི་སྒྲ་ལ་སོགས་པ་མཐོང་བ་ཙམ་གྱིས་སྐྲག་པར་བྱེད་པའི་ཆས་སུ་ཞུགས་ནས། ལ་ལས་ནི་རྒྱལ་བུའི་རྒྱབ་ནས་སྐྱོར། ལ་ལས་ནི་མདུན་ནས་ཁྲིད། ཉིན་མོ་ནི་མི་ལ་སྟོན་པའི་ཕྱིར་གྲོང་ཁྱེར་ལ་བསྐོར་བ་བྱེད། མཚན་མོ་རབ་ཏུ་གནག་པའི་དོང་དུ་བཅུག་ནས་འཇོག །དེའི་དུས་སུ་གྲོང་ཁྱེར་གྱི་མི་ཐམས་ཅད་ཀྱང་འདུས་སོ། །བཟང་མོ་མ་བུ་རྣམས་ནི་མྱ་ངན་གྱིས་ནོན་ཏེ། མིག་མཆི་མས་གང་ལག་པས་བྲང་བརྡུངས་ཏེ། སྐད་ཙེར་ཙེར་ངུ་ཞིང་སྨྲས་པ། དྲི་མེད་ཀུན་ལྡན་ལེགས་པའི་ལམ་སྟོན་པ། །དབུལ་ཞིང་ཕོངས་པའི་སྐྱེ་བོ་ནོར་མེད་ལ། །སྙིང་རྗེ་རབ་ཏུ་ཆེ་ཞིང་བརྩེ་བའི་ཕ། །ཅི་དགོས་སྦྱིན་པས་ཚིམ་པའི་གཏོང་ཕོད་ཅན། །སྦྱིན་པའི་འབྲས་བུ་དེ་རིང་མི་སྨིན་པར། །དེ་རིང་འདི་འདྲའི་ལས་ལ་སྦྱོར་བ་དེ། །མ་བུ་རྣམས་ཀྱི་བསོད་ནམས་ཟད་པ་འདྲ། །ཞེས་ཞུས་ནས་སྐད་ཆེན་པོ་བཏོན་ནོ། །དེ་ནས་ཡབ་རྒྱལ་པོས་བློན་པོ་གྲོས་ལ་དབང་བ་རྣམས་བསགས་ནས་སྨྲས་པ། བློན་པོའི་ཚོགས་རྣམས་བདག་ལ་ཚུར་ཉོན་དང༌། །རྒྱལ་བུས་མི་འོས་ནོར་བུ་དགྲ་ལ་བྱིན། །ཡིད་ལ་མེད་པའི་ལས་རིགས་འདི་འདྲ་མཐོང༌། །ད་དུང་ཆད་པའི་གཅོད་ལུགས་ཅི་འདྲ་བྱེད། །ཐུགས་བསམ་ཐོངས་དང་བློན་པོའི་ཚོགས་རྣམས་ཀུན། །ཞེས་གསུངས་པ་དང༌། དེར་བློན་པོ་ཁ་ཅིག་ན་རེ རྒྱལ་པོའི་སྲས་ཡིན་ཀྱང་ཁྲིམས་ཀྱི་ལས་ཐོབ་པར་འདུག་པས། ལུས་ཀྱི་པགས་པ་བཤུས་པ་དྲག་ཟེར། ལ་ལ་ན་རེ་གསལ་ཤིང་གི་རྩེ་ལ་བསྐྱོན་པར་རིགས་ཟེར། ལ་ལ་ན་རེ་ཡན་ལག་རྣམས་སོ་སོར་བཅད་པ་རིགས་ཟེར། ལ་ལ་ན་རེ་གློ་སྙིང་འདོན་ཟེར། ལ་ལ་ན་རེ་ལུས་འཇུར་མིག་ལ་དྲོངས་ཟེར། ལ་ལ་ན་རེ་ལུས་མགོ་མཇུག་མེད་པ་ནས་ཁྲག་བཏོན་ནས་བསད་པ་རིགས་ཟེར། ལ་ལ་ན་རེ་ཤ་རུས་བརྡུངས་ནས་བསད་པ་རིགས་ཟེར། ལ་ལ་ན་རེ་མགོ་བཅད་ནས་ཕོ་བྲང་གི་སྒོ་ལ་འདོག་ཟེར། ཁ་ཅིག་ན་རེ་རྒྱལ་བུ་ཡབ་ཡུམ་སྲས་དང་བཅས་པ་རྣམས་དོང་རུལ་དུ་གཏོང་བ་རིགས་ཟེར། ཐམས་ཅད་གཏམ་སོ་སོར་སྨྲས་ཀྱང་རྒྱལ་བུ་གསོད་པར་ཁ་འཆམ་མོ། །དེར་ཡབ་རྒྱལ་པོའི་ཐུགས་ལ་ཅུང་ཞིག་ཕོག་ནས་བློན་པོ་རྣམས་ལ་སྨྲས་པ། བདག་གི་བུ་ནི་ལེགས་པའི་ལམ་ལ་མོས། བྱང་ཆུབ་སེམས་དཔའི་གདུང་རྒྱུད་ཡིན་པའི་ཕྱིར། །གསོད་ཅེས་བྱ་བ་སུ་ཡིས་ཕོད་པ་ཡིན། །ད་དུང་ཁྱོད་རྣམས་བསམ་བློ་ལེགས་པར་ཐོངས། །ཞེས་སྨྲས་པ་དང༌། བློན་པོ་ཟླ་བ་བཟང་པོ་ཞེས་བྱ་བ་དད་པ་ཆེ་ཞིང་ཆོས་ལ་དཀར་བ་ཞིག་ཡོད་པ་དེས་སྨྲས་པ། གྲོས་ལ་དབང་བའི་བློན་པོའི་ཚོགས་རྣམས་ཀུན། །ཁྱེད་ཀྱིས་སྨྲས་པའི་གཏམ་དེ་ཅི་ཞིག་ཡིན། །རྒྱལ་པོའི་སྲས་ནི་གཅིག་པོ་འདི་ལས་མེད། །རྒྱལ་པོ་མེད་ན་འབངས་ཀྱིས་ཅི་ཞིག་བྱེད། །བདག་ནི་བསམ་ཞིང་སྐྱོ་བ་སྐྱེ་ལགས་པས། །འཛམ་བུ་གླིང་གི་མཐའ་ལ་བྲོས་འགྲོ་སྙམ། །ཡབ་གཅིག་རྒྱལ་པོ་ཐུགས་དགོངས་མ་ཆུང་བར། །སྡིག་ཅན་བློན་པོའི་གྲོས་ལ་མ་གསན་མཛོད། །ཨེ་མ་འཛམ་བུའི་གླིང་ན་ངོ་མཚར་ཅན། །ངོ་མཚར་རྨད་བྱུང་སངས་རྒྱས་སྤྲུལ་པའི་སྐུ། །ཡོན་ཏན་བརྗོད་པར་མི་ནུས་བསམ་མི་ཁྱབ། །གཙུག་གི་རྒྱན་གཅིག་དྲི་མེད་ཀུན་ལྡན་དེ། །ཕོ་བྲང་སྒོར་ཁྲིད་བསྐོར་བ་བྱས་པའི་ཚེ། །མནྡེ་བཟང་མོ་སྲས་དང་བཅས་པ་ཡང༌། །རྒྱལ་པོའི་ཕྱིར་འབྲངས་ཞལ་ལ་བལྟ་ཞིང་ངུ༌། །གྲོང་མི་རྒན་གཞོན་ཁྱེའུ་བུ་མོའི་ཚོགས། །ཀུན་ལྡན་དེ་ལ་བལྟ་ཞིང་མྱ་ངན་བྱེད། །རྒྱལ་བུའི་བསླུ་མར་བརྗེ་ནུས་མང་བར་གདའ། །རྒྱལ་བུ་མཐོང་ན་བལྟ་བས་མི་བཟོད་དོ། །རྒྱལ་བུ་ཐོངས་ལ་བདག་ཅག་གསོད་པར་ཞུ། །ད་དུང་དགོངས་དང་རྒྱལ་བློན་འཁོར་བཅས་རྣམས། །ད་ནི་ཧོར་ཁྲིམས་གཅིག་དང་བོད་ཁྲིམས་གཅིག །རྟ་གཅིག་ཐོག་ཏུ་སྒ་གཉིས་རུང་ལགས་སམ། །ནོར་བུ་སྦྱིན་པར་བཏང་བའི་ཆད་པ་ནི། །སྔར་གྱི་དེས་ཆོག་ད་ནི་བཏང་དུ་གསོལ། །ཞེས་ཞུས་པ་དང༌། ཡབ་ཀྱི་ཞལ་ནས་རྒྱལ་བུ་རང་འདིར་ཁྲིད་ཤོག་གསུངས། །དེར་བློན་པོ་ཟླ་བ་བཟང་པོས་ཕོ་བྲང་གི་སྒོར་མགྱོགས་པར་ཕྱིན་ཏེ། རྒྱལ་བུ་བཀྱིགས་པའི་ཐག་པ་བཀྲོལ་ཏེ་འདོད་པའི་ན་བཟའ་སྒྲོན་མཛེས་པའི་རྒྱན་ཕུལ་ཏེ། རྒྱལ་པོ་རིན་པོ་ཆེ། ད་ཕོ་བྲང་དུ་ཕེབས་པར་ཞུ་ཞུས་པས། རྒྱལ་བུ་དྲི་མེད་ཀུན་ལྡན་འབྱོན་པར་ཆས་པ་ལ། མནྡེ་བཟང་མོ་ཡུམ་སྲས་ཀྱི་དགོངས་པ་ལ། ད་རྒྱལ་བུ་གསོད་པ་ལ་ཁྲིད་པར་འདུག་དགོངས་ནས། གདོང་མཆི་མས་གང་ཞིང་རྒྱལ་བུ་ལ་འཆང་ནས་གཏོང་དུ་མ་འདོད། དེར་ཟླ་བ་བཟང་པོ་གློ་བུར་དུ་སྐྱོ་བ་སྐྱེས་ཤིང་མིག་ནི་མཆི་མས་གང༌། མིད་པ་ཏུག་ཏུག་བྱེད་ཅིང་ཡབ་རྒྱལ་པོའི་དྲུང་དུ་ལོག་ནས་གསོལ་པ། རྒྱལ་བུ་བཀྱིགས་པའི་ཐག་པ་བཀྲོལ་ནས་གདན་དྲངས་པས། མནྡེ་བཟང་མོ་ཡུམ་སྲས་ཀྱི་དགོངས་པ་ལ། ད་ནི་གསོད་པར་ཁྲིད་སྙམ་གཏོང་མ་འཚལ། བདག་ནི་གློ་བུར་དུ་སྐྱོ་བ་སྐྱེས་ལགས་པས། ཐུགས་ཀྱིས་དགོངས་དང་རྒྱལ་པོ་རིན་པོ་ཆེ། །ཞེས་ཞུས་པ་དང༌། རྒྱལ་པོའི་ཞལ་ནས་འོ་ན་ཁོ་རང་ཐམས་ཅད་ཁྲིད་ལ་ཤོག་གསུངས་པ་དང༌། བློན་པོ་ཟླ་བ་བཟང་པོས་རྒྱལ་བུ་ཡབ་ཡུམ་རྣམས་གདན་དྲངས་ནས་ཕོ་བྲང་དུ་བྱོན་ཏེ། རྒྱལ་བུ་དྲི་མེད་ཀུན་ལྡན་ཡབ་ཡུམ་སྲས་དང་བཅས་པས་ཡབ་རྒྱལ་པོ་ལ་ཕྱག་འཚལ་ནས་མདུན་དུ་འཁོད་པ་དང༌། ཡབ་ཀྱིས་གསུངས་པ། ཚེ་སྔོན་དགྲ་བོ་བུ་རུ་བརྫུས་ནས་ནི། །ང་ཡི་ནོར་བུ་རིན་ཆེན་དགྲ་ལ་བྱིན། །ང་ཡི་བང་མཛོད་རྣམས་ནི་སྟོངས་སུ་བཅུག །དགྲ་བོ་དགའ་ཞིང་རང་ཉིད་བརླག་པ་ཡི། །བྱ་བ་མང་པོ་ཁྱོད་ཀྱིས་བྱས་པས་ལན། །མདུན་མ་མང་པོ་ཁྱོད་ཀྱིས་བསྒྲུབས་པས་ལན། །ཧ་ཤང་སྐེམ་སྐེམ་སྒྲ་སྒྲོགས་ཞེས་བྱ་བའི། །བདུད་རི་ཆེན་པོ་དེ་ལ་ཁྱོད་རྒྱུགས་ལ། །ལོ་ནི་བཅུ་གཉིས་བར་དུ་དེ་རུ་སྡོད། །ད་ལྟ་སོང་ལ་ཡུལ་འདིར་མ་སྡོད་ཅིག །ཅེས་གསུངས་པ་དང༌། སྲས་ཀྱིས་ཞུས་པ། ལྷ་དབང་ཡབ་གཅིག་བདག་ལ་གསན་མཛོད་དང༌། །རྒྱལ་སྲིད་ཆོས་བཞིན་མི་སྐྱོང་རྒྱལ་པོའི་སྐྱོན། །ཡབ་ཀྱི་བདག་ལ་སྙིང་རྗེའི་ཆུང་ལུགས་ལ། །རིགས་ངན་གཤེད་མ་རྣམས་ཀྱི་ལག་ཏུ་གཏད། །ཡན་ལག་ཚིགས་བཞི་རུས་པའི་མགོ་རྣམས་བརྡུངས། །མགོ་ལུས་མེད་པར་ཚེར་མའི་ལྕག་གིས་བྲབས། །རྟ་རྒོད་བཞིན་དུ་ཐག་པས་སྔ་ཕྱིར་ཁྲིད། །དགྲ་བོ་བཞིན་དུ་གཤེད་མའི་ཚོགས་ཀྱིས་བསྐོར། །དཔའ་བོའི་གྲི་བཞིན་ཚོགས་ཀྱི་ཁྲོམ་ལ་བསྟན། །རི་མོ་བཞིན་དུ་གོས་མེད་གཅེར་བུར་བྱས། །དད་ལྡན་བཞིན་དུ་ཉིན་མོ་བསྐོར་བ་བྱས། །རྐུ་ནོར་བཞིན་དུ་མཚན་མོ་དོང་དུ་སྦས། །ནག་ཅན་བཞིན་དུ་མཚོན་གྱི་ཆར་པ་ཕབ། །བདག་གིས་མྱོང་བའི་སྡུག་བསྔལ་འདི་ལྟ་བུ། །སེམས་ཅན་གཞན་གྱིས་མྱོང་བར་མ་གྱུར་ཅིག །སྒྱུ་མའི་ནོར་གྱིས་བདག་ལ་དགོས་པ་མེད། །ཡབ་ཀྱི་བཀའ་བཞིན་བདག་ཀྱང་འགྲོ་བར་ཞུ། །ཡབ་ཡུམ་ཐམས་ཅད་སྐུ་ཁམས་བཟང་བ་དང༌། །འཁོར་འབངས་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག །ཅེས་ཞུས་ནས། རྒྱལ་བུ་ཡབ་ཡུམ་ལྔ་པོ་རང་གི་ཕོ་བྲང་དུ་བྱོན་ཏེ། དེ་ནས་ཡང་ཁོང་རང་གི་ཕོ་བྲང་གི་ནོར་ལྷག་མ་གང་ཡོད་རྣམས་ཀྱང་སྦྱིན་པར་བཏང་ནས། བདུད་རི་ཧ་ཤང་ལ་བྱོན་པར་ཆས་པ་དང༌། རྒྱལ་བློན་འབངས་འཁོར་རྣམས་ཀྱིས་རྫོང་བརྡའ་བྱས་ཏེ། རྒྱལ་ཕྲན་དྲུག་ཅུས་གསེར་གྱི་དོང་ཙེ་རེ་རེ་ཕུལ། བློན་པོ་སུམ་སྟོང་གིས་དངུལ་གྱི་དོང་ཙེ་རེ་རེ་ཕུལ། འབངས་དགུ་ཁྲིས་རྟ་དང་གླང་པོ་ཆེ་ལ་སོགས་པ་མང་པོ་ཕུལ་བས། རྒྱལ་བུས་ནོར་རྣམས་ཀྱང་སྦྱིན་པར་བཏང་སྟེ། ཕྱག་ན་ནོར་གཅིག་ཀྱང་མེད་པར་བྱས་ནས་མནྡེ་བཟང་མོ་ལ་སྨྲས་པ། བཟང་མོ་ཁྱོད་ནི་ང་ལ་ཉན་པར་གྱིས། །ང་ནི་ཡབ་ཀྱི་བཀའ་བཞིན་ཧ་ཤང་རི་ལ་འགྲོ། །ཡུལ་ཕྱོགས་པདྨ་ཅན་དེ་ཡབ་ཀྱི་ཕོ་བྲང་དུ། །ཁྱོད་རང་མ་བུ་བཞི་པོ་དེར་ལོག་ལ། །བདེ་བར་སྡོད་ཅིག་སྙིང་གྲོགས་དམ་པའི་ཚོགས། །ལོ་ནི་བཅུ་གཉིས་བར་དུ་ཁམས་བཟང་ཞིང༌། །བདག་ཀྱང་ཁྱེད་ཅག་མ་བུ་བཞི་དང་འབངས་འཁོར་བཅས། །འཕྲད་པར་སྨོན་ནོ་བདེ་བར་བཞུགས་ཤིག་ཨང༌། །ཅེས་གསུངས་པ་དང༌། མནྡེ་བཟང་མོས་རྒྱལ་བུ་ལ་ཕྱག་འཚལ་ཏེ་ཞུས་པ། རྒྱལ་བུ་དམ་པ་ཁྱེད་དང་བདག་བྲལ་ནས། །པདྨ་ཅན་དུ་ལོག་པ་ངས་ཕོད་དམ། །རྒྱལ་བུ་ཁྱེད་ནི་ཧ་ཤང་རི་ལ་བྱོན། །བདག་ཅག་མ་བུ་སྡོད་པ་ག་ལ་ཕོད། །སྐྱིད་དུས་འགྲོགས་ནས་སྡུག་དུས་འབྲལ་ཕོད་དམ། །སེམས་ཀྱིས་མི་ཕོད་ཡིད་ཀྱིས་ག་ལ་ཕོད། །ཁྱེད་ཅག་འབྱོན་སར་མ་བུ་ཁྲིད་པར་ཞུ། །ཡང་རྒྱལ་བུས་གསུངས་པ། བཟང་མོ་ཁྱོད་ནི་དེ་སྐད་མ་ཟེར་ཅིག །དགའ་བའི་ཡུལ་ཕྱོགས་སྐྱིད་པའི་ཕ་ཡུལ་ན། །གྲོས་ཀྱི་འདྲི་ས་ཡབ་ཡུམ་གཉིས་པོ་ཡོད། །སེམས་ཀྱི་གཏད་སོ་ལྕམ་སྲིང་འདི་གསུམ་ཡོད། །འཇིག་རྟེན་ལས་ནི་བྲན་གཡོག་ཕོ་མོས་བྱེད། །རང་ཡིད་མཐུན་པའི་མི་དང་འགྲོགས་པས་ཆོག །པཉྩ་ལི་དང་པདྨའི་གདན་སྟེང་དུ། །ལྟོགས་ན་རོ་མཆོག་བརྒྱ་ལྡན་གསོལ་བས་ཆོག །སྐོམ་ན་བདུད་རྩིའི་ཆུ་རྒྱུན་འཐུང་བས་ཆོག །སྣང་སེམས་སྐྱོ་ན་གླུ་དང་གར་ལ་ལྟོས། །བདུད་རི་ཧ་ཤང་སྐེམ་སྐེམ་དེ་ལ་ནི། །ལྟོགས་དུས་ཤིང་ཏོག་སྐོམ་དུས་ཆུ་ལས་མེད། །ཤིང་ལོའི་གོས་གྱོན་གདན་དུ་རྩྭ་ལས་མེད། །སྐྱོ་བའི་གྲོགས་ནི་བྱ་དང་རི་དྭགས་ཡིན། །ཉིན་མོ་མི་མེད་མཚན་མོ་འདྲེ་སོགས་མང༌། །དེ་ནི་ཤིན་ཏུ་འཇིགས་པ་ཆེ་བའི་གནས། །ཉིན་མཚན་མེད་པར་ཁ་ཆར་རྒྱུན་དུ་འབབ། །ཁྱོད་ཀྱིས་དེ་རུ་ཚུགས་པའི་ས་མེད་པས། །ཕོ་བྲང་འདིར་སྡོད་བདག་ཀྱང་མྱུར་དུ་ཡོང༌། །ཞེས་གསུངས་པ་དང༌། ཡང་མནྡེ་བཟང་མོས་རྒྱལ་བུའི་ཕྱག་ནས་འཇུས་ཏེ་སྨྲས་པ། རྒྱལ་བུ་ཁྱེད་ཀྱིས་ཕྱག་ཕྱིར་མི་ཁྲིད་ན། །དེ་རིང་བཟང་མོ་སྲོག་དང་འབྲལ་བར་བྱེད། །དེ་བཞིན་མ་མཛད་ཕྱག་ཕྱིར་ཁྲིད་པར་ཞུ། །ཞེས་ཞུས་པ། ཡང་རྒྱལ་བུས་གསུངས་པ བཟང་མོ་ཁྱོད་ནི་བདག་ལ་ཉན་པར་གྱིས། །བདག་ནི་སྦྱིན་པ་གཏོང་ལ་དགའ་བ་སྟེ། །སློང་མི་བྱུང་ན་བུ་དང་ཆུང་མ་སྟེར། །འདོད་མི་བྱུང་ན་རང་གི་སྲོག་ཀྱང་སྟེར། །དེ་དུས་ཁྱོད་ཀྱིས་སྦྱིན་པའི་གེགས་བྱེད་པས། །དེ་བས་ཁྱོད་རང་མ་བུ་འདི་རུ་སྡོད། །ཡང་བཟང་མོས་ཞུས་པ། རྒྱལ་བུ་ཆེན་པོ་བདག་ལ་ཚུར་གསོན་དང༌། །བདག་ནི་སྦྱིན་པའི་གྲོགས་བྱེད་ཁྲིད་པར་ཞུ། །བདག་ཉིད་བུ་སོགས་གལ་ཏེ་སྟེར་ན་ཡང༌། །ཁྱེད་ཀྱི་ཐུགས་དགོངས་རྫོགས་ཕྱིར་གང་གསུངས་སྒྲུབ། །དེ་ཕྱིར་བདག་ཅག་ཕྱག་ཕྱིར་ཁྲིད་པར་ཞུ། །ཞེས་ཞུས་པ་དང༌། དེ་ནས་རྒྱལ་བུས་བཟང་མོ་ཡུམ་སྲས་རྣམས་ཕྱག་ཕྱིར་ཁྲིད་པར་ཞལ་གྱིས་བཞེས་སོ། །དེར་རྒྱལ་བུ་དྲི་མེད་ཀུན་ལྡན་གྱིས་ཁོང་རང་གི་ཡུམ་དགའ་ལྡན་བཟང་མོའི་དྲུང་དུ་ཕྱིན་ནས་ཕྱག་བཙལ་ཏེ་ཞུས་པ། དུས་གསུམ་བདེ་གཤེགས་ཐམས་ཅད་སྐྱེད་པའི་ཡུམ། །ཚད་མེད་བཞི་ལྡན་ཕ་རོལ་ཕྱིན་བཅུ་ལྡན། །དགོས་འདོད་རེ་སྐོང་འབྲས་བུ་སྨིན་པའི་མ། །ཡུམ་ཆེན་ཨ་མ་བདག་ལ་ཚུར་གསོན་དང༌། །བདག་གིས་ནོར་བུ་དཔུང་འཇོམས་དགྲ་ལ་སྦྱིན། །ཡབ་ཀྱིས་བཀའ་བཀྱོན་ཆད་པ་མང་དུ་མཛད། །བདུད་རི་ཧ་ཤང་སྐེམ་སྐེམ་དེ་ལ་ནི། །ལོ་ནི་བཅུ་གཉིས་བར་དུ་སྤྱུགས་པས་འགྲོ། །དེ་བར་ཡུམ་ལ་སྐུ་ཚེའི་འགལ་རྐྱེན་དང༌། །གློ་བུར་ནད་ཀྱི་བར་ཆད་མི་འབྱུང་ཞིང༌། །བདག་ཀྱང་ཚེ་ཡི་འདུ་བྱེད་མ་གཏོང་ན། །ཡུམ་སྲས་མྱུར་དུ་མཇལ་བའི་སྨོན་ལམ་ཞུ། །ཞེས་ཞུས་པ་དང༌། ཡུམ་དྲན་མེད་དུ་བརྒྱལ་ལོ། །དེ་ནས་དར་ཅིག་ནས་དྲན་པ་སླར་སོས་ནས། ཡུམ་གྱིས་སྲས་ཀྱི་ཕྱག་ལ་འཆང་ནས་མིག་མཆི་མས་གང་ཞིང་སྨྲས་པ། དྲི་མེད་ཀུན་ལྡན་ལེགས་པའི་དོན་གྲུབ་དཔལ། །དང་པོ་སྐྱེད་པའི་ཨ་མ་ང་ཡིན་མོད། །སྙིང་དང་འདྲ་བའི་བུ་ཁྱོད་ང་བཞག་ནས། །འཇིགས་པའི་རི་ལ་འབྱོན་པ་ཕོད་ལགས་སམ། །ལོ་ནི་བཅུ་གཉིས་ཧ་ཤང་རིར་འགྲོ་ན། །མི་ལོ་བཅུ་གཉིས་རྒན་མོའི་ཚེས་མི་ཐུབ། །ཁྱེད་མེད་བདག་གིས་བློ་གཏད་སུ་ལ་བྱེད། །རྒས་ཁར་བུ་དང་བྲལ་བ་ཀྱེ་མ་ཧུད། །རྒྱལ་པོ་ཆེན་པོའི་ཐུགས་ལ་ཅི་དགོངས་ན། །དང་པོ་སྲས་མེད་སྡུག་བསྔལ་བསམ་མི་ཁྱབ། །ཡར་ལ་དཀོན་མཆོག་མཆོད་པའི་བྱིན་རླབས་དང༌། །མར་ལ་སྦྱིན་པ་བཏང་བའི་འབྲས་བུ་དང༌། །སྐྱབས་གནས་བསླུ་བ་མེད་པའི་བྱིན་རླབས་ཀྱིས། །ཤིན་ཏུ་དཀོན་པའི་སྲས་གཅིག་བདག་ལ་བྱུང༌། །འཛམ་གླིང་མི་རྣམས་ཡིད་སྨོན་བྱེད་པའི་ཚེ། །ས་ཐག་རིང་པོར་སྤྱུགས་ནས་ཅི་བྱེད་པ། །དང་པོ་མ་སྐྱེས་སེམས་ཀྱི་ཁོ་ཐག་ཆོད། །སྐྱེས་ནས་འདི་འདྲའི་ལས་ལ་སྦྱོར་བ་དེ། །ཡབ་ཆེན་རྒྱལ་པོ་གདོན་གྱིས་མ་བསླུས་སམ། །ཞེས་གསུངས་པ་དང༌། སྲས་ཀྱིས་ཞུས་པ། བདག་གི་ཡུམ་ཆེན་སྤྱན་ཆབ་མ་འདོན་ཅིག །ཁམས་གསུམ་འཁོར་བའི་སེམས་ཅན་ཐམས་ཅད་ཀྱང༌། །འདུས་ནས་འབྲལ་བ་ཀུན་གྱི་ཆོས་ལུགས་ཡིན། །ཡུམ་ཆེན་བདག་ལ་ཐུགས་ཡིད་འཕྲང་བ་འདི། །ཤ་ཁྲག་ལུས་ནས་ཆད་པས་བདེན་པ་ཡིན། །མ་ཉེས་ནམ་ཞིག་མཐའ་ནས་ལངས་ལགས་སམ། །ཚེ་འདིར་ཡུམ་སྲས་མཇལ་བའི་དུས་ཤིག་ཡོང༌། །གལ་ཏེ་ཚེ་འདིར་མཇལ་བར་མ་གྱུར་ན། །ཕྱི་མ་དག་པའི་ཞིང་དུ་མཇལ་བར་སྨོན། །ཞེས་ཞུས་པ་དང༌། དེར་ཡུམ་གྱིས་སྲས་ཀྱི་ཕྱག་ལ་འཆང་ནས་སྤྱན་ཆབ་མང་པོ་ཤོར་རོ། །དེ་ནས་ཡུམ་གྱི་ཐུགས་ལ་བདག་གི་བུ་འདི་ལམ་ཐག་རིང་པོ་ལ་འགྲོ་དགོས་པ་ལ་ངས་ངུས་ན་བཀྲ་མི་ཤིས་པ་འདུག་དགོངས་ནས། སྤྱན་ཆབ་ཕྱིས་ཏེ་ཕྱོགས་བཅུའི་ལྷ་ལ་ཕྱག་བཙལ་ནས་སྨོན་ལམ་བཏབ་བོ། །ཕྱོགས་བཅུར་བཞུགས་པའི་ཐུབ་དབང་རྒྱ་མཚོའི་ཚོགས། །རྒྱལ་སྲས་དགྲ་བཅོམ་བྱང་ཆུབ་སེམས་དཔའ་དང༌། །མཐུ་ལྡན་སྲུང་མ་རྒྱལ་ཆེན་སྡེ་བཞི་དང༌། །གཏེར་བདག་ནོར་ལྷ་གཟུགས་མེད་མཁའ་འགྲོའི་ཚོགས། །མ་ལུས་གསན་ཅིག་བདག་ལ་དགོངས་སུ་གསོལ། །བདག་གི་བུ་འདི་ལམ་དུ་ཞུགས་པའི་ཚེ། །ལོག་པར་མི་འགྱུར་ཐར་ལམ་འདྲེན་པར་ཤོག །ལ་ལུང་མང་པོ་མྱུར་དུ་བགྲོད་པའི་ཚེ། །ངལ་དུབ་སྡུག་བསྔལ་ཅུང་ཟད་མེད་པར་ཤོག །བདུད་རི་ཧ་ཤང་རི་ལ་སྡོད་པའི་ཚེ། །རྣམ་པར་རྒྱལ་བའི་ཁང་བཟང་ལྟ་བུར་ཤོག །ཤིང་ཐོག་སིལ་མ་ལ་སོགས་ཟ་བའི་ཚེ། །རོ་མཆོག་བརྒྱ་ལྡན་བདུད་རྩིར་འགྱུར་བར་ཤོག །ཁ་སྐོམ་བཏུང་བ་ཆུ་ལ་བྱེད་པའི་ཚེ། །རྒྱུན་ཆད་མེད་པར་འོ་མའི་ཆུ་རྒྱུན་ཤོག །ཤིང་ལོའི་གོས་དང་ཤིང་བལ་གདན་བྱེད་ཚེ། །པཉྩ་ལི་དང་པདྨའི་གདན་དུ་ཤོག །གཅན་གཟན་གདུག་པས་ངར་སྐད་འདོན་པའི་ཚེ། །ཐེག་ཆེན་ཆོས་ཀྱི་སྒྲ་རུ་འགྱུར་བར་ཤོག །གཅོང་རོང་དོག་པའི་ཆུ་སྒྲ་སྒྲོགས་པའི་ཚེ། །ཡི་གེ་དྲུག་མའི་སྒྲ་རུ་འགྱུར་བར་ཤོག །རོང་གཏིང་དོག་པའི་ཚད་པས་གདུངས་པའི་ཚེ། །ལྷ་ཡི་བུ་མོས་བསིལ་གྲིབ་བྱེད་པར་ཤོག །མི་མེད་འཇིགས་པའི་རི་ལ་སྡོད་པའི་ཚེ། །སངས་རྒྱས་རྣམས་ཀྱིས་སྐྱོ་གྲོགས་མཛད་པར་ཤོག །ལས་ཀྱི་ན་ཚ་ཐོག་ཏུ་བྱུང་བའི་ཚེ། །སྨན་དང་འཚོ་བྱེད་ལྷུན་གྱིས་འགྲུབ་པར་ཤོག །མདོར་ན་ས་ཕྱོགས་གང་དུ་གནས་གྱུར་ཀྱང༌། །སྡུག་བསྔལ་མེད་ཅིང་བདེ་འགྲོ་འཛད་མེད་ཤོག །འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་ཕུན་ཚོགས་ནས། །རྒྱལ་བའི་སྲས་པོ་དྲི་མེད་ཀུན་ལྡན་གྱི། །ཐུགས་དགོངས་དཔག་བསམ་ཤིང་ལོ་རྒྱས་པར་ཤོག །བདག་གིས་སྙིང་ནས་སྨྲས་པའི་བདེན་ཚིག་གིས། །ཡུམ་སྲས་མྱུར་དུ་མཇལ་བའི་སྨོན་ལམ་འདེབས། །ཞེས་སྨོན་ལམ་བཏབ་བོ། །དེ་ནས་རྒྱལ་བུ་ཡབ་ཡུམ་ལྔ་པོ་བདུད་རི་ཧ་ཤིང་ལ་བྱོན་པའི་ཚེ། རྒྱལ་བུའི་ཤིང་རྟ་འདྲེན་པའི་རྟ་གཉིས། ཡུམ་སྲས་བཞི་པོའི་ཤིང་རྟ་འདྲེན་པའི་རྟ་གཉིས། ལམ་ཆས་འགེལ་བའི་གླང་པོ་ཆེ་གསུམ་དང་བཅས་ལམ་དུ་ཞུགས་སོ། །དེ་ནས་ཡུམ་དགའ་ལྡན་བཟང་མོས་ཐོག་དྲངས་བཙུན་མོ་ཕྱེད་དང་ཉིས་སྟོང་དང༌། རྒྱལ་པོ་བཟང་པོ་ལ་སོགས་རྒྱལ་ཕྲན་དྲུག་ཅུ་དང༌། ཟླ་བ་བཟང་པོ་ལ་སོགས་བློན་པོ་སུམ་སྟོང་དང༌། ཁྱིམ་བདག་དཔལ་ལྡན་ལ་སོགས་འབངས་འཁོར་གཡོག་ཐམས་ཅད་མྱ་ངན་གྱིས་སྨྲེ་སྔགས་འདོན་ཅིང་སྐྱེལ་ཐུང་ཐག་རིང་པོའི་བར་དུ་བྱས། དེ་ནས་ལ་ལུང་མང་པོ་ཞིག་སྒྲོལ་བའི་ཚེ་རྒྱལ་བུས་སྨྲས་པ། བདག་གི་ཡུམ་ཆེན་ལ་སོགས་བཙུན་མོའི་ཚོགས། །རྒྱལ་ཕྲན་བཟང་པོ་ལ་སོགས་བློན་པོའི་ཚོགས། །དཔལ་ལྡན་ལ་སོགས་འབངས་དང་འཁོར་གཡོགས་རྣམས། །བདག་ལ་བརྩེ་བས་ལ་ལུང་མང་པོའི་བར། །འགྲོགས་པའི་ཕྱི་ཐག་བྱེད་ཅིང་སྐྱེལ་མ་བཟང༌། །མཐུན་པར་འགྲོགས་ནས་སོ་སོར་འབྲལ་བ་འདི། །འདུས་བྱས་མི་རྟག་མཚན་ཉིད་ཡིན་པའི་ཕྱིར། །བདག་ཀྱང་སེམས་ཀྱི་ཁོ་ཐག་ཆོད་པ་བྱུང༌། །ད་ནི་ཁྱེད་རྣམས་རང་གི་ཡུལ་དུ་ལོག །རང་གི་ནང་དུ་ཆོས་དང་མཐུན་པར་གྱིས། །འཆི་བ་འོང་བས་ལུས་སྲོག་སྦྱིན་པར་ཐོངས། །འདི་ཕྱིའི་བློ་གཏད་དཀོན་མཆོག་གསུམ་ལ་གྱིས། །བྱིན་རླབས་འཇུག་པའི་བླ་མ་སྤྱི་བོར་སྒོམ། །བར་ཆད་སེལ་བའི་མཁའ་འགྲོ་ཆོས་སྐྱོང་མཆོད། །བདག་ཀྱང་ཁམས་བཟང་ལོ་ནི་བཅུ་གཉིས་ནས། །རང་ཡུལ་ལོག་ནས་མཇལ་བའི་སྨོན་ལམ་འདེབས། །གལ་ཏེ་ཚེ་འདིར་འཕྲད་པར་མ་གྱུར་ན། །ཕྱི་མ་དག་པའི་ཞིང་དུ་མཇལ་བར་སྨོན། །ཅེས་གསུངས་པ་དང༌། དེར་འབངས་རྣམས་ཀྱང་མྱ་ངན་གྱིས་སྨྲེ་སྔགས་འདོན་ཅིང༌། རྒྱལ་བུ་ལ་ཕྱག་བཙལ་ནས་ཕྱིར་ལོག་གོ །དེར་ཡུམ་དགའ་ལྡན་བཟང་མོས་རྒྱལ་བུའི་ཕྱག་ནས་འཆང་ནས་སྨྲས་པ། ཨ་མའི་དྲི་མེད་ཀུན་ལྡན་དོན་འགྲུབ་དཔལ། །ཚེ་སྔོན་ལན་ཆགས་མ་ངའི་ཁོག་པའི་སྙིང༌། །རང་སྙིང་བཏོན་ནས་འཇིགས་པའི་རི་ལ་སྤྱུགས། །མ་ངའི་ཁོག་པའི་སྙིང་དང་དེ་རིང་བྲལ། །ཚེ་འདིར་འགྲོ་བའི་ཉི་མ་ནུབ་ནས་སོང་། །ང་ཡིས་ཚེ་འདིའི་བློ་གཏད་སུ་ལ་བྱེད། །ཡབ་གཅིག་རྒྱལ་པོ་བདུད་བློན་ཁ་ལོ་སྒྱུར། །མི་འོས་འདི་འདྲའི་ལས་རིགས་བྱེད་དུ་བཅུག །བྱང་སེམས་ལྡན་པའི་བུ་ཁྱོད་ད་བྱོན་ལས། །སྐྱོ་བའི་སྡུག་བསྔལ་སྐད་ཅིག་མ་བྱེད་པར། །བུ་ཁྱོད་བསམ་པ་ཡིད་ལ་འཁོར་རེ་ཡོང༌། །དྲི་མེད་ཀུན་ལྡན་ཟེར་ཞིང་འབོད་སྙིང་འདོད། །དབྱར་གསུམ་གཡུ་འབྲུག་སྔོན་མོའི་སྐད་ཅིག་ཡོང༌། །དེ་དུས་བུ་ཁྱོད་དྲན་པའི་གསལ་འདེབས་བྱེད༌། །མ་ངས་བུ་ཁྱོད་ཟེར་ཞིང་ལན་གསུམ་འབོད། །དྲི་མེད་ཀུན་ལྡན་ཟེར་ཞིང་ལན་གསུམ་འབོད། །བུ་ཁྱོད་ཨ་མ་ཟེར་ཞིང་ལན་གསུམ་འབོད། །དགའ་ལྡན་བཟང་མོ་ཟེར་ཞིང་ལན་གསུམ་འབོད། །དགུན་གསུམ་རྐྱང་སེར་རླུང་གི་སྐད་ཅིག་ཡོང༌། །དེ་དུས་བུ་ཁྱོད་དྲན་པའི་གསལ་འདེབས་བྱེད། །མ་ངའི་བུ་ཁྱོད་ཟེར་ཞིང་ལན་གསུམ་འབོད། །དྲི་མེད་ཀུན་ལྡན་ཟེར་ཞིང་ལན་གསུམ་འབོད། །བུ་ཁྱོད་ཨ་མ་ཟེར་ཞིང་ལན་གསུམ་འབོད། །དགའ་ལྡན་བཟང་མོ་ཟེར་ཞིང་ལན་གསུམ་འབོད། །དཔྱིད་དུས་ཁུ་བྱུག་སྔོན་མོའི་སྐད་ཅིག་ཡོང༌། །དེ་དུས་བུ་ཁྱོད་དྲན་པའི་གསལ་འདེབས་བྱེད། །མ་ངས་བུ་ཁྱོད་ཟེར་ཞིང་ལན་གསུམ་འབོད། །དྲི་མེད་ཀུན་ལྡན་ཟེར་ཞིང་ལན་གསུམ་འབོད། །བུ་ཁྱོད་ཨ་མ་ཟེར་ཞིང་ལན་གསུམ་འབོད། །དགའ་ལྡན་བཟང་མོ་ཟེར་ཞིང་ལན་གསུམ་འབོད། །མ་ང་ཐུགས་རྗེས་རྒྱུན་དུ་བཟུང་དུ་གསོལ། །བུ་དང་ཚེ་འདིར་འཕྲད་པ་ཡོང་ལས་ཆེ། །གལ་ཏེ་ཚེ་འདིར་འཕྲད་པར་མ་བྱུང་ན། །ཕྱི་མ་བྱང་ཆུབ་ལམ་ལ་མཇལ་བར་སྨོན། །ཅེས་གསུངས་ཏེ། སྤྱན་ཆབ་མང་པོ་བཏོན་ནས་ཕྱིར་ལོག་གོ །དེ་ནས་རྒྱལ་བུ་ཡབ་ཡུམ་ལྔ་པོ་ལམ་འགག་གཅིག་ཏུ་ཕེབས་སོ། །ཕྱི་མིག་ཅིག་གཟིགས་པས་སྐྱེལ་མི་རྣམས་ཐག་རིང་པོར་སླེབས་པ་མཐོང་ངོ་། །དེར་རྒྱལ་པོ་ཡབ་ཡུམ་རྣམས་ཀྱིས་བྱོན་པའི་ལམ་འགག་གཅིག་ཏུ་དབུལ་པོ་མི་གསུམ་བྱུང་ནས་སྦྱིན་པ་ཞུ་ཟེར་བ་ལ་རྒྱལ་པོ་ཤིན་ཏུ་དགྱེས་ཏེ་སྨྲས་པ། གླང་པོ་རིན་ཆེན་འགྲོ་བ་བཟང་ན་ཡང༌། །འབྱོར་ཚད་དཔག་མེད་རིན་ཆེན་གླང་གི་ནོར། །བདག་ལ་ཤིན་ཏུ་མཁོ་བ་འདུག་ན་ཡང༌། །བྲམ་ཟེ་ཁྱེད་རྣམས་ཐུགས་དགོངས་རྫོགས་ཕྱིར་དུ། །བདག་གིས་ཁྱེད་ལ་སྦྱིན་པ་བྱིན་ཡོང་ཨང༌། །ཞེས་གླང་པོ་ཆེ་རྣམས་གནང་ངོ་། །དེ་ནས་ཡང་བྱོན་པས་དཔག་ཚད་གཅིག་གི་སར་ཕེབས་པ་དང། ཀ་ལིང་སྐྱེད་མདའ་བྱ་བ་གཅིག་ཏུ་དབུལ་པོ་མི་ལྔ་བྱུང་ནས་བདག་རྣམས་ལ་རྟ་རྣམས་གནང་འཚལ་ལོ། །ཞེས་ཟེར་བ་ལ་ཤིན་ཏུ་ལེགས་སོ་གསུངས་ནས་འདི་སྐད་ཅེས་གསུངས་སོ། །རྟ་མཆོག་རིན་ཆེན་རླུང་གི་ཤུགས་ལྟར་མགྱོགས། །ཤིང་རྟ་ཡིད་འོང་མེ་ཏོག་འཕྲེང་བས་མཛེས། །ལྷག་བསམ་རྣམ་པར་དག་པས་སྦྱིན་པ་ཡིས། །རྫུ་འཕྲུལ་སྟོབས་ཀྱི་ཤུགས་དང་ལྡན་པར་ཤོག །ཅེས་གསུངས་ནས་གནང་ངོ་། །དེ་ནས་རྒྱལ་བུ་རང་གིས་ལམ་སྣ་དྲངས། སྲས་ལྕམ་སྲིང་རྣམས་བར་དུ་བཅུག །མནྡེ་བཟང་མོས་ལམ་རྒྱག་དུམ་གཅིག་ཁུར་ནས་མཇུག་ཏུ་བྱོན་ནས། ལམ་ཁ་ཞིག་ན་ནེའུ་བསིང་སྔཱུ་ཞིང་མེ་ཏོག་རྒྱས་པ། རི་མཐོ་ཞིང་ས་གཙང་བ། ཆུ་དང་ཤིང་ཐོག་ཡིད་དུ་འོང་བ་རི་དྭགས་དང་བྱ་མང་པོ་རྩེ་བའི་གནས་ཤིག་འདུག་པ་དེར། ཤིང་ཏ་ལའི་བསིལ་གྲིབ་ལ་ཡབ་ཡུམ་ལྔ་པོ་སྐུ་སྙེལ་མཛད་པ་ལས། དེའི་ཚེ་མནྡེ་བཟང་མོས་ཆུ་འདུག་པ་དེའི་རྩར་ཕྱིན་ཏེ། ཆུ་དུམ་གཅིག་འཐུངས་པས་མིག་ཕར་ཧྲིག་ཚུར་ཧྲིག་གིས་བལྟས་ཀྱང་མི་མེད་ཅིང་རི་དྭགས་རྩེ་བ་མཐོང༌། བཟང་མོ་སེམས་སྐྱོ་བར་གྱུར་ནས། འདི་སྐད་དོ། །ཀྱེ་མ་ཕྱོགས་མཚམས་གང་དུ་བལྟས་གྱུར་ཀྱང༌། །ཡིད་མཐུན་མི་དང་འཕྲད་པར་མི་འདུག་ཅིང༌། །རི་དྭགས་རྩེ་བའི་ལྟད་མོ་སེམས་པ་སྐྱོ། །ཁ་སྐོམ་ཆུ་ལ་བྱེད་པའི་དུས་འདི་འདྲ། །བསགས་པའི་ནོར་ལ་སྙིང་པོ་མི་འདུག་གོ །འདི་འདྲ་ཡོང་བསམ་བདག་གི་སེམས་ལ་མེད། །བྱུང་བ་ཚེ་སྔོན་ལས་ངན་ཡིན་པ་འདྲ། །ཞེས་ཟེར་བ་དང༌། རྒྱལ་བུའི་ཐུགས་དགོངས་ལ་བཟང་མོ་འདི་མི་མེད་ལུང་པ་འདིར་སྐྱོ་བ་ཡིན་པར་འདུག །ད་དུང་ལམ་གྱི་དཀའ་ལས་དང་གཅན་གཟན་གྱི་འཇིགས་པ་ཆེན་པོ་ཡོད་པས་འདི་ནས་སློག་དགོས་དགོངས་ནས་སྨྲས་པ། མནྡེ་བཟང་མོ་བདག་ལ་ཚུར་ཉོན་དང༌། །ད་དུང་ཐག་རིང་ལམ་ལ་འགྲོ་དགོས་ཤར། །ལ་ལུང་ལ་སོགས་སྡུག་བསྔལ་དཔག་མེད་ཡོད། །གཅན་གཟན་ལ་སོགས་འཇིགས་པའི་ཚོགས་རྣམས་མང༌། །ཁྱེད་ཀྱིས་དེ་རུ་ཚུགས་པའི་ས་མེད་པས། །དེ་ནས་ད་ལྟ་ལོག་ན་མི་ལེགས་སམ། །ཞེས་གསུངས་པ་དང༌། བཟང་མོས་ཕྱག་ཕུལ་ནས་ཞུས་པ། རྒྱལ་བུ་ཆེན་པོ་བདག་ལ་ཚུར་གསོན་དང༌། །བདག་གིས་ད་ལན་ཁ་དལ་སྨྲས་པ་ཡིན། །ཁྱེད་མེད་བདག་གིས་བློ་གཏད་སུ་ལ་བྱེད། །རྒྱལ་བུ་ཁྱེད་དང་འབྲལ་བ་ག་ལ་ཕོད། །ཐེ་ཚོམ་མེད་དོ་གར་གཤེགས་ཕྱག་ཕྱིར་ཁྲིད། །ཟེར་ནས་ཡང་བྱོན་པས། །ནིའུ་བསིང་སྔོན་པོ་ཞིག་ཏུ་སྐུ་སྙེལ་མཛད་པས། དེར་ཡང་བཟང་མོ་ཐུགས་ལྷག་པར་སྐྱོ་ནས། རྒྱལ་བུས་མ་གསན་ཙམ་བྱས་ནས་སྨྲས་པ། ནིའུ་བསིང་གོས་ཀྱི་ཁ་དོག་སྣུམ་པའི་གནས། །མི་མེད་སྦྲང་བུ་གླུ་གར་རྩེ་བའི་ས། །བྱ་སྐད་མི་གཅིག་སྣ་ཚོགས་སྒྲོགས་པ་འདི། །གང་ནས་བལྟས་ཀྱང་སྐྱོ་བ་སྐྱེ་བའི་རྒྱུ ཡབ་ཡུམ་སྲས་བཅས་མཐའ་རུ་སྤྱུགས་པའི་ཚེ། །བྷེ་ཏའི་ཡུལ་ཕྱོགས་ཆབ་སྲིད་བརྟན་གྱུར་རམ། །ཞེས་སྨྲས་ནས་ཡང་བྱོན་པས། རི་མཐོ་ལ་ས་གཙང་བ་ཤིང་ཐོག་མང་ལ་རི་དྭགས་རྩེ་བའི་གནས་ཡིད་དུ་འོང་བ་ཞིག་འདུག་པ་ལ། བཟང་མོས་སྨྲས་པ། རྒྱལ་བུ་ཆེན་པོ་བདག་ལ་ཚུར་གསོན་དང༌། །གནས་ཀྱང་ཡིད་འོང་མེ་ཏོག་སྣ་ཚོགས་བཀྲ། །འབབ་ཆུ་བཟང་ཞིང་ཁུ་བྱུག་སྐད་སྙན་སྒྲོག །ཤིང་ཐོག་མང་ཞིང་རི་དྭགས་གླུ་གར་རྩེ། །གནས་འདིར་བཞུགས་པ་མཛད་ན་མི་ཡོང་ངམ། །ཞེས་ཞུས་པ་དང༌། རྒྱལ་བུས་སྨྲས་པ། ཡབ་ཀྱི་བཀའ་བཅག་བདག་ལ་ཉེས་པ་ཡོང༌། །འདི་རུ་མི་སྡོད་ཧ་ཤང་རི་ལ་འགྲོ། །ཞེས་གསུངས་ནས། ཡང་བྱོན་པས་སྲས་གསུམ་ལམ་དུ་རྐང་པ་སྦྲིད་ནས་ལུས་པ་དང༌། དེའི་ཚེ་རྒྱལ་བུས་སྨོན་ལམ་བཏབ་པ བླ་མ་ཡི་དམ་མཁའ་འགྲོ་ཐུགས་རྗེ་ཅན། །གཞི་བདག་ཡུལ་ལྷ་ནུས་མཐུ་ལྡན་པ་རྣམས། །བདག་གི་སྨོན་ལམ་འགྲུབ་པའི་གྲོགས་མཛོད་ཅིག །མགྱོགས་པར་ཕྱིན་པས་མྱུར་དུ་བགྲོད་པའི་གནས། །བདག་གཉིས་རྐང་པས་འགྲོ་བར་ནུས་ན་ཡང༌། །ན་སོ་གཞོན་པའི་མིང་སྲིང་འདི་རྣམས་ཀྱིས། །འགྲོ་བས་མ་སླེབས་བདུད་རི་ཉེ་ན་རུང༌། །ཞེས་གསུངས་པ་དང༌། རི་དེ་ཡང་དཔག་ཚད་ལྔའི་བར་ཉེ་བར་གྱུར་ཏེ། ཡང་བྱོན་པས་ཀླུང་ལྡན་གཡོ་བའི་ཚལ་ཞེས་བྱ་བར་ཕེབས་སོ། །དེ་ནས་པདྨའི་ཚལ་དགའ་བའི་འཛུམ་དང་བཅས་འདུག་པ་ལ། མནྡེ་བཟང་མོས་པདྨའི་སྡོང་པོ་དེ་ལ་སྨྲས་པ། ཆུ་སྐྱེས་སྡོང་པོ་ཆུ་ཡི་སྤྲོས་བྲལ་ཞིང༌། །དགའ་བའི་འཛུམ་ལྡན་པདྨའི་ཟེའུ་འབྲུས་བརྒྱན། །ལག་པའི་ཟེའུ་འབྲུས་སྤྱི་བོར་ཐལ་མོ་སྦྱོར། །གུས་པས་ལངས་ཏེ་གཡོས་ཞིང་གར་བྱེད་དོ། །ཞེས་སྨྲས་སོ། །དེ་ནས་ཡང་བྱོན་པས་ཟངས་གླིང་དཔལ་གྱི་འོད་ཅེས་བྱ་བར་ཕེབས་སོ། །དེར་ཡང་བྲམ་ཟེ་དབུལ་པོ་མི་གསུམ་བྱུང་ནས་རྒྱལ་པོ་ལ་ཕྱག་འཚལ་ནས་སྦྱིན་པ་ཞུ་ཟེར་བ་ལ། དེར་རྒྱལ་བུས་བྲམ་ཟེ་ལ་སྨྲས་པ། ཁྱེད་རྣམས་བྱོན་པ་དགའ་སྟེ་བདག་ལ་སྟེར་རྒྱུ་མེད་པས་ཅི་སྟེར་གསུངས་པ་དང་ཁོང་རྣམས་ན་རེ་བདག་ཅག་རྣམས་ལ་སྲས་ལྕམ་སྲིང་གསུམ་པོ་ཞུ་བྱས་པས། དེར་རྒྱལ་བུའི་ཞལ་ནས་བུ་ཚ་མིང་སྲིང་གསུམ་པོ་ཆུང་བས་གཡོག་ནི་མི་ཡོང༌། མ་དང་བྲལ་ན་སྙིང་རྗེའམ་གསུངས་པས། སྙིང་རྗེ་བའི་གསོད་པ་ནི་མ་ཡིན། གང་ཡོང་གི་གཡོག་རེ་འཆོལ་བ་ཡིན་མོད་ཟེར། དེར་རྒྱལ་བུའི་དགོངས་པ་ལ་བདག་གིས་ཅི་འདོད་སྟེར་བའི་དམ་བཅའ་བྱས་ཡོད་པས་སྟེར་དགོངས་ཏེ། མནྡེ་བཟང་མོས་བློས་མི་ཐོང་བའི་ཉེན་ཡོད་བསམ་ནས་བཟང་མོ་ཁྱོད་ཀྱིས་ཤིང་ཐོག་ཚོལ་ལ་མགྲོན་པོ་མི་གསུམ་ལ་དྲོངས་ཤིག་གསུངས་པས། དེར་བཟང་མོས་ཤིང་ཐོག་ཚོལ་དུ་ཕྱིན་པས་དགེ་བའི་ལྷས་སྦྱིན་པ་ལ་བར་ཆད་མི་འབྱུང་བར་བྱ་བའི་ཕྱིར་ཤིང་ཐོག་དེ་ཡང་ལམ་ཉེ་སར་མེད་པར་ཐག་རིང་པོ་ཞིག་ཏུ་འགྲོ་དགོས་པ་བྱུང་ངོ༌། །དེའི་ཤུལ་དུ་རྒྱལ་བུས་ལྕམ་སྲིང་གསུམ་གྱི་ལག་པ་ནས་གཟུང་སྟེ་སྨྲས་པ། ལེགས་ལྡན་ལེགས་དཔལ་ལེགས་མཛེས་མ་དང་གསུམ། །ཡུན་རིང་འགྲོགས་པའི་མཐའ་མ་དེ་རིང་ཡིན། །མཐུན་པར་འགྲོགས་ནས་སོ་སོར་འབྲལ་བ་འདི། །འདུས་བྱས་མི་རྟག་མཚན་ཉིད་འདི་རང་ཡིན། །བདག་གི་ཁྱོད་ལ་སྙིང་དག་རིང་བ་མིན། །འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱང༌། །འདུས་ནས་འབྲལ་བར་འདུག་གོ་ལྕམ་སྲིང་གསུམ། །ཡབ་ལ་མ་འཕྲང་ཡུམ་ལ་མ་བསམ་པར། །བྲམ་ཟེ་ཐུགས་དགོངས་རྫོགས་ཕྱིར་སོང་ཅིག་ཨང༌། །ཞེས་གསུངས་ནས། སྲས་ལྕམ་སྲིང་གསུམ་པོ་བྲམ་ཟེ་ལ་བཏང་ངོ༌། །དེར་བྲམ་ཟེས་སྲས་ལྕམ་སྲིང་གསུམ་གྱི་ཕྱག་ནས་བཟུང་སྟེ་ཁྲིད་པ་དང༌། ལེགས་ལྡན་གྱིས་སྨྲས་པ། བདག་ལྕམ་སྲིང་གསུམ་པོ་ཡབ་ལ་ཕྱི་ཕྱག་རེ་བྱེད་ཆུག་ཟེར་ནས་སྨྲས་པ། ཡབ་ཆེན་རྒྱལ་པོ་དོན་ཆེན་བསྒྲུབ་པའི་ཕྱིར། །བདག་ཅག་ལྕམ་སྲིང་སྟེར་བར་དམ་བཅའ་བཞེས། །ཡབ་ཀྱི་བཀའ་བཞིན་བདག་ཀྱང་འགྲོ་བར་ཞུ། །དྲིན་གྱིས་བསྐྱང་ཞིང་སྙིང་ལ་བརྩེ་བའི་མ། །དེ་དང་མ་འཕྲད་བདག་ཡིད་སྐྱོ་བར་འདུག །སྐྱོ་ཡང་མི་ཕན་ཡབ་ཡུམ་བདེ་བར་བཞུགས། །ཞེས་སྨྲས་ནས་ངུས་སོ། །ལེགས་དཔལ་གྱིས་སྨྲས་པ། ཡབ་ཀྱིས་ཅི་འདོད་སྟེར་བའི་དམ་བཅའ་མཛད། །མི་འགྲོ་ཞུ་ན་ཡབ་ཀྱི་དམ་བཅའ་འགལ། །ཐུགས་དགོངས་རྫོགས་ཕྱིར་བདག་ཀྱང་འགྲོ་བར་ཞུ། །འགྲོ་ཁར་མ་དང་མ་འཕྲད་བདག་ཡིད་སྐྱོ། །ཚེ་འདིར་ཡབ་ཡུམ་གཉིས་དང་མཇལ་སྲིད་དམ། །གལ་ཏེ་ཚེ་འདིར་འཕྲད་པར་མ་གྱུར་ན། །ཕྱི་མ་བྱང་ཆུབ་ལམ་ལ་མཇལ་བར་སྨོན། །ཞེས་སྨྲས་ནས་ངུས་སོ། །ཡང་ལེགས་མཛེས་མས་སྨྲས་པ། ལེགས་མཛེས་ལུས་ཀྱི་རྨ་བྱ་ང༌། །ཡབ་ཡུམ་ལྗོན་ཤིང་གཉིས་སྤངས་ནས། །རིགས་ངན་བྲམ་ཟེའི་གཡོག་ལ་འགྲོ་དགོས་བྱུང༌། །ཡབ་ཀྱི་བཀའ་བཞིན་བདག་ཀྱང་འགྲོ་ལགས་ཏེ། །བརྩེ་བས་སྐྱོང་ཞིང་ནུ་ཞོ་སྟེར་བའི་མ། །དེ་དང་མ་འཕྲད་བདག་ཡིད་སྐྱོ་བ་འདུག །ཚེ་འདིར་མ་འཕྲད་ཕྱི་མ་སྨོན་ལམ་འདེབས། །ཞེས་སྨྲས་ནས་ངུས་སོ། །ཡབ་ཀྱང་སྤྱན་ཆབ་འདོན་ཞིང་གསུངས་པ། ལྕམ་སྲིང་གསུམ་པོ་བདག་གི་ཁོག་པའི་སྙིང༌། །སྙིང་དང་བྲལ་བའི་སྡུག་བསྔལ་ཡོད་ལགས་ཀྱང༌། །ད་རེས་སྦྱིན་པ་ཆོས་ཀྱི་ལམ་ཡིན་པས། །སྙིང་རུས་སྐྱེད་ལ་མཆི་མ་མ་འདོན་ཅིག །བླ་མ་ལྷ་དང་དཀོན་མཆོག་ཐུགས་རྗེ་ཅན། །ལྕམ་སྲིང་འདི་གསུམ་ལམ་དུ་ཞུགས་པའི་ཚེ། །གློ་བུར་ནད་ཀྱི་བར་ཆད་མི་འབྱུང་ཞིང༌། །བདག་གིས་སྙིང་ནས་སྨྲས་པའི་བདེན་ཚིག་གིས། །ཡབ་ཡུམ་སྲས་བཅས་མྱུར་དུ་མཇལ་བར་སྨོན། །ཞེས་གསུངས་སོ། །དེ་ནས་ལྕམ་སྲིང་གསུམ་པོ་བྲམ་ཟེ་རྣམས་ཀྱིས་ཁྲིད་དོ། །དེར་ལམ་ཐག་རིང་པོ་ཞིག་ནས་སྲས་གསུམ་པོ་ཁ་འཕྲལ་ནས་རང་རང་གི་གནས་སུ་ཁྲིད་ནས་སོང་ངོ༌། །དེ་ནས་མནྡེ་བཟང་མོས་ཤིང་ཐོག་ཕབ་ནས་ལོག་འོང་བ་དང༌། རྒྱལ་བུའི་མདུན་དུ་སྲས་ལྕམ་སྲིང་དང་བྲམ་ཟེ་རྣམས་མི་འདུག་པས། དེར་བཟང་མོའི་བསམ་པ་ལ་བདག་གི་མིང་སྲིང་གསུམ་པོ་བྲམ་ཟེ་ལ་སྦྱིན་ངེས་སྙམ་ནས་ལུས་ས་ལ་བརྡབས་ནས་མྱ་ངན་གྱིས་སྐད་འདི་ལྟ་བུ་འདོན་ཏོ། །ཉི་མ་ལྟ་བུའི་རབ་མཛེས་མིང་སྲིང་གསུམ། །གློ་བུར་བྲམ་ཟེའི་སྤྲིན་ཚོགས་འདུས་པ་ལས། །བདག་གི་ལོ་ཏོག་མྱ་ངན་སེར་བས་བཅོམ། །བླ་མ་ཡི་དམ་མཁའ་འགྲོ་མཐུ་རྩལ་ཅན། །གཞི་བདག་ཡུལ་ལྷ་ནུས་མཐུ་ལྡན་པ་རྣམས། །སྐད་ཅིག་ཙམ་ལ་མི་རྟག་འདི་འདྲ་བྱུང༌། །འདི་འདྲའི་ཐོག་ཏུ་གཏོང་བ་ཅི་ཡིན་པ། །ཁོག་པའི་སྙིང་གི་མིང་སྲིང་གསུམ་པོ་ཡང༌། །མ་ཤི་གསོན་བྲལ་བྱེད་པའི་དུས་བྱུང་ངོ༌། །བདག་ཅག་མ་བུ་རྣམས་ཀྱི་སྡུག་བསྔལ་འདི། །ངན་པ་བྲམ་ཟེ་ཁྱོད་ཀྱིས་མ་ལན་ནམ། །ཞེས་སྨྲས་ནས་མྱ་ངན་གྱིས་བརྒྱལ་བར་གྱུར་ཏོ། །དེར་རྒྱལ་བུའི་ཐུགས་ལ་བཟང་མོ་འདི་སྙིང་རྗེ་དགོངས་ནས་བྲང་ལ་ཆུ་གཏོར་ཏེ་བརྒྱལ་བ་སངས་པ་དང༌། རྒྱལ་བུས་སྨྲས་པ། བཟང་མོ་ཁྱོད་ནི་བདག་ལ་ཚུར་ཉོན་དང༌། །རང་ཉིད་སྔོན་དུས་ཆད་དོན་མ་དྲན་ནམ། །བྷེ་ཏའི་ཡུལ་ནས་བདུད་རིར་ཞུགས་པའི་ཚེ། །ང་ཡིས་ཁྱོད་ལ་འདི་ལྟར་མ་བྱས་སམ། །ང་ནི་སྦྱིན་པ་གཏོང་ལ་དགའ་བ་སྟེ། །འདོད་མི་བྱུང་ན་བུ་དང་ཆུང་མ་དང༌། །རང་གི་སྲོག་ཀྱང་སྟེར་རོ་མ་བྱས་སམ། །ཁྱོད་ནི་སྦྱིན་པའི་བར་ཆད་མི་བྱེད་ཟེར། །ཚོགས་གཉིས་བྱང་ཆུབ་སྒྲུབ་པའི་གྲོགས་བྱེད་ཅིང༌། །དམ་བཅའ་དེ་ལྟར་བྱས་ནས་འགྲོ་མོད་ཀྱང༌། །ད་ལྟ་ཁྱོད་ཀྱིས་མྱ་ངན་འདི་ལྟར་བྱེད། །བདག་ནི་ལ་ལུང་མང་པོ་འདས་པའི་ཚེ། །བརྩེ་བའི་གྲོགས་ནི་ཁྱོད་ལས་མེད་པ་ལ། །ཁྱོད་ཀྱིས་མྱ་ངན་བྱེད་པར་བདག་ཡིད་དཀྲུགས། །ཞེས་གསུངས་ནས་རྒྱལ་བུ་ཉིད་ཀྱང་སྤྱན་ཆབ་མང་པོ་ཤོར་རོ། །དེར་མནྡེ་བཟང་མོས་རྒྱལ་བུའི་སྤྱན་ཆབ་ཕྱིས་ནས་ཞུས་པ། རྒྱལ་པོ་ཆེན་པོ་བདག་ལ་དགོངས་མཛོད་དང༌། །ལྕམ་སྲིང་འགྲོ་ཁར་བདག་ཀྱང་མ་འཕྲད་པས། །བརྩེ་བའི་སེམས་ཀྱིས་མཆི་མ་འདོན་པ་ཡིན། །རྒྱལ་བུའི་ཐུགས་ཡིད་དགག་ཕྱིར་ངུས་པ་མིན། །སྙིང་དང་འདྲ་བའི་རབ་མཛེས་མིང་སྲིང་གསུམ། །ད་ཙམ་བྲམ་ཟེས་སོ་སོར་འཕྲལ་ནས་ཡོད། །སྙིང་དང་འདྲ་བའི་མིང་སྲིང་གསུམ་པོ་ཡང༌། །ལྟ་བ་མིག་གི་གདོང་ལ་ཁོལ་ཁོལ་བྱེད། །བསམ་ཞིང་བལྟས་ན་རང་སེམས་སྐྱོ་ལགས་ཏེ། །རྒྱལ་བུའི་གསུང་ལས་ནམ་ཡང་མི་འགལ་ཞིང༌། །ཐུགས་དགོངས་རྫོགས་ཕྱིར་ཁྱོད་ཀྱིས་གང་གསུངས་སྒྲུབ། །ད་ཡང་འགྲོའོ་བདག་གིས་ཕྱག་ཕྱིར་བྱེད། །ཅེས་ཞུས་ནས་ཡང་བྱོན་པས། ནགས་མཐུག་ཅིང་ཤིང་ཐོག་མང་བ་གཅིག་ཏུ་སླེབས་སོ། །དེར་བཟང་མོས་ཤིང་ཐོག་ཕབ་ནས་རྒྱལ་བུ་ལ་དྲངས་པས། རྒྱལ་བུས་ཤིང་ཐོག་དེ་ནས་དུམ་གཅིག་གསོལ་བས་རོ་ཞིམ་པ་བདེ་བར་བྱུང་བས། རྒྱལ་བུས་ཤིང་ཐོག་ཕྱག་ཏུ་བཞེས་ནས་སྨྲས་པ། རོ་མཆོག་བརྒྱ་ལྡན་ཨེ་འདྲའི་འབྲས་བུ་འདི། །ཞིམ་མངར་ལྡན་ཞིང་ཟས་ཀྱི་མཆོག་གྱུར་པ། །མིང་སྲིང་གསུམ་དང་ཕྲད་ན་སྟེར་ལགས་ཏེ། །ལྕམ་སྲིང་མེད་པས་བདག་ཡིད་སྐྱོ་བ་འདུག །ཅེས་གསུངས་པས་བཟང་མོ་ཡང་མཆི་མ་མང་དུ་ཤོར་རོ། །ཡང་རྒྱལ་བུས་སྨྲས་པ། ཨ་ཀྱང་དལ་བའི་ཁ་ནས་ཅི་ཡང་འདོན། །མ་བསམ་ཡིད་ལ་གང་ཡང་འཆར་བ་འདུག །བསམ་ཞིང་བལྟས་ན་རང་ཉིད་མ་སླུས་སམ། །ཨིནྡྲའི་འབྲས་བུ་བཟང་མོ་ཁྱོད་རང་གསོལ། །ཞེས་གསུངས་ནས་བྱོན་པས་ལམ་ཁ་ཞིག་ན་ཆུ་བོ་ཆེན་པོ་བགྲོད་དཀའ་བ། ཞེང་ཆེ་ཞིང་གཏིང་ཟབ་པ་ཞིག་ཏུ་ལུས་པ་ལས་རྒྱལ་བུས་སྨོན་ལམ་བཏབ་བོ། །བླ་མ་ཡི་དམ་མཁའ་འགྲོ་ཐུགས་རྗེ་ཅན། །གཞི་བདག་ཡུལ་ལྷ་ནུས་མཐུ་ལྡན་པ་རྣམས། །བདེན་པ་ཉིད་ཀྱི་དཔང་དུ་བཞུགས་ནས་ཀྱང༌། །ཆུ་བོ་འདི་ལ་ལམ་ཞིག་བསྟན་དུ་གསོལ། །གལ་ཏེ་བདག་གིས་ཆུ་བོ་ཆེ་འདི་ལས། །མ་ཐར་ལུས་ན་ཡབ་ཀྱི་བཀའ་དང་འགལ། །ཕྱི་མ་བྱང་ཆུབ་ཐོབ་པ་ག་ལ་འགྱུར། །ཆུ་བོ་ཆེན་པོའི་ལམ་ཞིག་བསྟན་དུ་གསོལ། །ཞེས་གསུངས་པས། ཆུ་བོ་དེ་ཡང་ཡར་ལ་འཁྱིལ་མར་ལ་ཆད། བར་དུ་ལམ་བྱུང་བ་ལ་བྱོན་ནོ། །དེར་རྒྱལ་བའི་ཐུགས་དགོངས་ལ་ཆུ་འདི་ཡར་འཁྱིལ་མར་ལ་ཆད་ན་སེམས་ཅན་སྲོག་ཆགས་མང་པོ་ལ་གནོད་པ་མཁྱེན་ནས། ད་ཆུ་ཁྱོད་སྔར་བཞིན་འབབ་པར་གྱུར་ཅིག །གསུངས་པས་ཆུ་དེ་སྔར་བཞིན་བབས་སོ། །དེ་ནས་ཡང་བྱོན་པས་རླུང་ལྡན་གཡོ་བའི་ཕྲེང་ཞེས་བྱ་བར་ཕེབས་པ་དང༌། ལྷའི་དབང་པོ་བརྒྱ་བྱིན་དང་ཚངས་པ་གཉིས་ཀྱིས་བྲམ་ཟེ་གཉིས་སུ་སྤྲུལ་ནས། རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་སྦྱིན་པ་དེ་རྣམས་ཀུན་རྫོབ་ཀྱི་སྦྱིན་པ་ཡིན་ནམ་དོན་དམ་གྱི་སྦྱིན་པ་ཡིན་ལྟ་དགོས་དགོངས་ནས། རྒྱལ་བུའི་དྲུང་དུ་ཕྱིན་ནས་སྦྱིན་པ་ཞུ་ཟེར་བ་དང༌། གནས་འདིར་སུ་ཡང་མི་སླེབས་མི་མ་ཡིན་གྱི་ཆོ་འཕྲུལ་ཡིན་ནམ་དགོངས་ཏེ། ཁྱེད་གཉིས་གང་ནས་ཡིན་བདག་ལ་སྟེར་རྒྱུ་མེད་གསུངས་པས། བྲམ་ཟེ་གཉིས་ན་རེ། བདག་ཅག་གཉིས་ཡུལ་ཕ་ཀ་བྱ་བ་ནས་ཡིན། གཉེན་དང་འཁོར་གཡོག་མེད་པས་སྡུག་བསྔལ་བའི་བདག་གཉིས་ལ་ཁྱེད་ཀྱི་བཙུན་མོ་དེ་ཞུ་བྱས་པས། རྒྱལ་བུའི་དགོངས་པ་ལ་ད་ལན་བཟང་མོ་མ་བྱིན་ན་སྔར་སྦྱིན་པ་བྱིན་པ་ལ་དོན་མེད། བྱིན་ན་ནི་ས་ཐག་རིང་པོ་འདིར་ང་ལ་ཆགས་ནས་ཡོང༌། ད་ང་དང་འབྲལ་དགོས་ཀྱི་སྡུག་བསྔལ་འཁུར་དགོས་པ་སྙིང་རྗེ་སྟེ། ད་སྟེར་བ་ལས་འོས་མེད་དགོངས་ནས་མནྡེ་བཟང་མོ་ལ་སྨྲས་པ། ང་ཡི་ཡིད་འོང་མནྡེ་བཟང་མོ་ཁྱོད། །ཚེ་སྔོན་བསོད་ནམས་བསགས་པས་མི་ལུས་ཐོབ། །ཆོས་ཀྱི་ཕྱིར་དུ་ལུས་སྲོག་གཏོང་དགོས་པས། །ཆོས་ཀྱི་སྙིང་པོ་ལོངས་སྤྱོད་སྦྱིན་པ་ཡིན། །ཡུན་རིང་འགྲོགས་ནས་སེམས་ཀྱིས་མི་ཕོད་ཀྱང༌། །ད་ལན་བཟང་མོ་ཁྱོད་ནི་མ་ཕྱིན་ན། །ང་ཡི་སྦྱིན་པའི་མཐའ་ཡང་མི་རྫོགས་ཤིང༌། །ཁྱོད་ཀྱང་ཕྱི་མའི་བདེ་བ་མི་ཐོབ་པས། །བྲམ་ཟེའི་ཐུགས་དགོངས་རྫོགས་ཕྱིར་ཁྱོད་སོང་ལ། །ང་དང་ཁྱད་མེད་བྲམ་ཟེའི་ཐུགས་དང་བསྟུན། །སྙིང་གི་དཀྱིལ་དུ་ཆོངས་ཤིག་ཡིད་འོང་མ། །ཞེས་གསུངས་ནས་བྲམ་ཟེ་ལ་གཏད་དོ། །དེར་བཟང་མོ་ན་རེ། ད་བྲམ་ཟེ་ལ་གནང་ན་རྒྱལ་བུ་གཡོག་གསོལ་བ་འདྲེན་མི་མེད་པས་མི་གནང་བར་ཞུ་བྱས་པས། རྒྱལ་བུས་སྨྲས་པ། བཟང་མོ་དེ་སྐད་མ་ཟེར་བདག་ལ་ཉོན། །ང་ཡིས་ཅི་འདོད་སྟེར་བའི་དམ་བཅའ་བྱས། །ང་ཡི་སྦྱིན་པའི་བར་ཆད་མི་བྱེད་པར། །ཚོགས་གཉིས་བྱང་ཆུབ་སྒྲུབ་པའི་གྲོགས་བྱེད་ཅིང༌། །བདག་ལ་མ་བསམ་བྲམ་ཟེའི་གཡོག་ལ་སོང༌། །ང་ཡི་ཞབས་ཏོག་དེ་ཡིས་འགྲུབ་པ་ཡིན། །ཞེས་གསུངས་པ་དང༌། བཟང་མོས་སྤྱན་ཆབ་འདོན་ཞིང་འགྲོ་བ་ཞལ་གྱིས་བཞེས་སོ། །དེ་ནས་རྒྱལ་བུས་བྲམ་ཟེ་ལ་སྨྲས་པ། བྲམ་ཟེ་ཁྱོད་གཉིས་བདག་ལ་ཚུར་ཉོན་དང༌། །ཚེ་རབས་ཀུན་གྱི་གཏན་གྲོགས་བཟང་མོ་འདི། །རིགས་དང་རུས་ནི་རྒྱལ་པོའི་སྲས་མོ་ཡིན། །བཟའ་བཏུང་ཞིམ་མངར་མཁས་ཤིང་རོ་བཅུད་ལྡན། །ཡིད་འོང་མཛེས་མ་མནྡེ་བཟང་མོ་འདི། །ང་ལ་མི་དགོས་བྲམ་ཟེ་གཉིས་པོ་མཛོད། །ཅེས་གསུངས་པ་དང༌།  བྲམ་ཟེ་གཉིས་པོས་བཟང་མོ་ཁྲིད་ནས་གོམ་པ་བརྒྱ་སོང་ནས། སླར་ལོག་སྟེ་རྒྱལ་བུ་རང་ལ་ཕུལ་ནས་ཞུས་པ། ཨ་ཅང་ཀུ་རེ་ཡིན་ནོ་མི་དབང་རྗེ། །དལ་འབྱོར་དོན་ཡོད་མཛད་པ་ངོ་མཚར་ཆེ། །དོན་དམ་སྦྱིན་པ་མི་དབང་སྐུ་ཆེན་པོ། །རང་གི་སྲོག་ཀྱང་སྦྱིན་པར་གཏོང་ནུས་པའི། །རྒྱལ་བུ་གཏོང་ཕོད་ཅན་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པ་དང༌། རྒྱལ་བུའི་ཞལ་ནས་ངས་ལན་ཅིག་བྱིན་ནས་སླར་ལེན་པ་མི་ཡོང༌། ད་ཁྱོད་རང་གཉིས་ཁྲིད་གསུངས་པས། བྲམ་ཟེ་གཉིས་པོས་ལྷའི་ལུས་བསྟན་ནས། རྒྱལ་བུ་ཆེན་པོ་ཁྱེད་ལ་ཞེན་ཆགས་ཡོད་མེད་ལྟ་བ་ཡིན། བདག་ཅག་གཉིས་ལ་ཁྱེད་ཀྱི་བཙུན་མོ་མི་དགོས་གསུངས་ནས། ལྷའི་དབང་པོས་སྤྱན་ནམ་མཁར་ཧྲིག་ཧྲིག་མཛད་པས། དེ་མ་ཐག་ཏུ་ལྷ་ཐམས་ཅད་དབང་དུ་སྡུད་ནས་འབྲོག་སྡེ་ཆེན་པོ་ཞིག་ཏུ་གྱུར་ནས། འབྲོག་སྡེ་དེ་རྣམས་ཀྱིས་རྒྱལ་བུ་ཡབ་ཡུམ་ལ་ཞབས་ཏོག་ཕུན་སུམ་ཚོགས་པ་བྱས་སོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་ཕྱག་བཙལ་ནས་ཞུས་པ། ལྷ་ཡི་དབང་པོ་རྗེ་བཙུན་དམ་པ་ཁྱོད། །ཚེ་འདི་བློས་བཏང་ཕྱི་མའི་དོན་ཆེན་བསྒྲུབ། །འགྲོ་དོན་མཐར་ཕྱིན་བླ་མེད་མངོན་སངས་རྒྱས། །འཇིག་རྟེན་སྒྲོན་མེ་མཛད་པའི་ངོ་མཚར་ཅན། །སྐྱེས་བུ་དམ་པ་ཁྱེད་ལ་ཕྱག་འཚལ་ལོ། །འཛམ་གླིང་འགྲན་ཟླ་མེད་པར་མཉེས་གྱུར་ཅིག །ཅེས་ཞུས་སོ། །དེ་ནས་རྒྱལ་བུ་ཡབ་ཡུམ་གྱིས་ལམ་ཁ་ཞིག་ནས་ཕྱི་མིག་བལྟས་པས། འབྲོག་སྡེ་འཇའ་ཡལ་བ་བཞིན་དུ་སོང་ངོ༌། །ཡང་བྱོན་པས་ཁྱེའུ་དཀར་པོ་ལག་ན་ཤེལ་དཀར་གྱི་ཕྲེང་བ་འཛིན་པ་ཞིག་དང་འཕྲད། དེར་ཁྱེའུ་ན་རེ། རྒྱལ་བུ་ཆེན་པོ་འདི་ནས་དཔག་ཚད་གཅིག་ཙམ་ཕྱིན་པ་ན་ཚངས་པའི་ལྷས་མཆོད་པ་བྱེད་པ་ཡོད་དོ་ཟེར་མི་སྣང་བར་གྱུར་ཏོ། །དེ་ནས་ཡང་བྱོན་པས། ཆུ་བོ་ཆེན་པོ་ཞིག་གི་འགྲམ་དུ་ཚངས་པས་སྤྲུལ་པ་བྱས་ཏེ། གྲོང་ཁྱེར་ཆེན་པོ་ཞིག་ཏུ་སྤྲུལ་ནས་རྒྱལ་བུ་ཡབ་ཡུམ་ལ་ཞག་བདུན་གྱི་བར་མཆོད་པ་བྱེད་དོ། །དེ་ནས་ཡབ་ཡུམ་འབྱོན་པར་ཆས་པ་དང༌། ཚངས་པས་ཁྱེའུའི་གཟུགས་སུ་བྱས་ནས་སྨྲས་པ། རྒྱལ་བུ་ཆེན་པོ་གནས་འདིར་བཞུགས་སུ་གསོལ། །ཁྱིམ་ཁང་ལོངས་སྤྱོད་དགོས་པ་བདག་གིས་འབུལ། །འཇིག་རྟེན་བྲན་གཡོག་ཕོ་མོ་བདག་གིས་འབུལ། །ཡབ་ཀྱི་བཀའ་ཡི་ཆད་པ་འདི་ནས་བྲལ། །བདུད་རི་ཧ་ཤང་ཞེས་པའི་གནས་ངན་དེར། །འདྲེ་སྲིན་གདུག་པ་ཅན་དང་གཅན་གཟན་ཚོགས། །བཟོད་གླགས་མེད་པར་ཚུར་དུ་རྔམ་པ་ཡོད། །ས་རྩུབ་རི་ནགས་འཇིགས་པ་ཆེ་བའི་གནས། །ཞེས་ཞུས་པ་དང༌། རྒྱལ་བུས་སྨྲས་པ། ཚེ་སྔོན་བསོད་ནམས་བསགས་པ་ཡིས། །ལོངས་སྤྱོད་འཛད་པ་མེད་པ་བྱུང༌། །དཀར་པོ་དགེ་བའི་ལས་ལ་དད། །ང་ལ་མཆོད་པ་བྱེད་པ་ཡིན། །འདོད་དགུ་འབྱུང་བའི་ལོངས་སྤྱོད་ལ། །འདི་ལ་ཞེན་ཅིང་ཆགས་གྱུར་ན། །རྣམ་གཡེང་བདག་གི་དགེ་བའི་ལས། །མི་འཕེལ་འགྲིབ་ཅིང་འཆག་པར་འགྱུར། །ཁྱད་པར་ཡབ་ཀྱིས་གསུངས་པའི་བཀའ། །ཁྱད་དུ་བསད་པར་བྱས་ན་ནི། །ཁོ་བོ་དམ་ཚིག་ཉམས་པར་འགྱུར། །དེ་བས་ད་ལྟ་ཉིད་དུ་འགྲོ། །ཞེས་གསུངས་ནས་བྱོན་པ་དང༌། གྲོང་ཁྱེར་མེ་ལོང་ལ་ཧ་བཏབ་པ་བཞིན་དུ་ཡལ་སོང༌། དེར་རྒྱལ་བུའི་ཞལ་ནས་ངས་དཀོན་མཆོག་ལ་གསོལ་བ་བཏབ་པའི་འབྲས་བུ་ཚེ་འདི་ཉིད་དུ་བྱུང་བ་ཡིན་གསུངས། དེ་ནས་ཡང་བྱོན་པས། ནགས་མཐུག་པོ་ཉི་མ་སྒྲིབ་པ་ཤིན་ཏུ་སྐྱོ་བའི་གནས་ཤིག་ཏུ་སླེབས་ཏེ་གར་བལྟས་གར་འགྲོ་མ་ཤེས་པའི་ཚེ། རྣལ་འབྱོར་པ་སྐྲ་སྤྱི་བོར་བཅིངས་པ་སྨ་ར་དང༌། སྨིན་མ་སེར་ཁྱུག་གེ་ཡོད་པ། ལག་ན་ཌཱ་མ་རུ་ཐོགས་པ་ཞིག་དང་འཕྲད་པས། ཁོང་ན་རེ་མི་ཁྱོད་ཧམ་པ་ཆེན་པོ་ཞིག་འདུག །སྔར་ཡུལ་ག་ནས་ཡོང་བ་ཡིན། ད་ཅི་ལ་འགྲོ་བསམ་པ་ཡིན། མིང་ལ་ཅི་ཟེར། འདི་ནས་དཔག་ཚད་བརྒྱ་ཕྱིན་པ་ན། བདུད་རི་ནག་པོ་ཧ་ཤང་ཞེས་བྱ་བའི་ས་རྒོད་ལ་རོང་རྩུབ་པ། རྡོ་ཚ་རྡོག་ཙམ་གྱིས་གྲིབ་ནག་མདུང་ཤིང་ཙམ་ཡོད་པ། དུག་ཤིང་གི་མེ་ཏོག་རྒྱས་པ། དུག་མཚོ་རྦ་རླབས་སུ་ཁོལ་བ། དུག་སྦྲུལ་གྱི་ཁ་རླངས་ནམ་མཁའི་སྤྲིན་ལྟར་འཐིབས་པ། ལྷ་འདྲེ་གདུག་པ་ཅན་ཉིན་མཚན་མེད་པར་ཚོགས་བྱེད་ཅིང་སྲོག་གཅོད་པ། གཞན་ཡང་གཅན་གཟན་སེངྒེ་དང༌། སྟག་དང་དྲེད་དང་དོམ་ལ་སོགས་ཏེ་གཅན་གཟན་གདུག་པ་ཅན་ཐམས་ཅད་མིའི་དྲི་ཚོར་ན་བཟོད་གླགས་མེད་ཅིང་ཟ་བ། མཐོང་བ་ཙམ་གྱིས་འཇིགས་ཤིང་སྐྲག་པར་བྱེད་པའི་གནས་ཡོད། གཞན་ཡང་ལམ་བར་ལ་འཇིགས་སྐྲག་གི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད་ཟེར་རོ། །དེར་རྒྱལ་བུའི་ཞལ་ནས་ང་རྒྱལ་བུ་དྲི་མེད་ཀུན་ལྡན་ཞེས་བྱ་བ་དེ་ཡིན། སྔར་བྷེ་ཏའི་ཡུལ་ནས་ཡོང༌། ད་བདུད་རི་ཧ་ཤང་ལ་འགྲོ་བ་ཡིན་གསུངས་པས། རྣལ་འབྱོར་པ་ན་རེ་རྒྱལ་བུ་དྲི་མེད་ཀུན་ལྡན་བྱ་བ་ནོར་རྒྱལ་སྲིད་་ཐམས་ཅད་སྦྱིན་པ་ལ་གཏོང་ཟེར་བ། སྔར་རྣ་བས་ཐོས། ད་མིག་གིས་མཐོང་བས་བདག་ཀྱང་བསོད་ནམས་བསགས་པ་ཡིན། ད་འདི་ནས་དཔག་ཚད་གཅིག་ཕྱིན་པ་ན། ན་ག་ར་བྱ་བའི་ཆུ་ཡོད་དེ་གཡས་སུ་བཞག་ནས་ཕྱིན་པ་ན་གཅན་གཟན་འགྲོ་བའི་གསེབ་ལམ་ཡོད་པས་དེ་ལ་འབྱོན་པར་ཞུ། སྐྱེ་བ་ཕྱི་མ་མཇལ་བའི་སྨོན་ལམ་ཞུ། ཞེས་གསུངས་ནས། མི་སྣང་བར་གྱུར་ཏོ། །དེ་ནས་ཡང་བྱོན་པས་ནག་མཐུག་པ་འདྲེ་སྲིན་གདུག་པ་ཅན་ཐམས་ཅད་ཉིན་མོ་ཡང་མཐོང་བ། གཅན་གཟན་ཐམས་ཅད་ཚུར་རྒྱུག་ཅིང་སྐད་འདོན་པ། དུག་ཆུ་ཁོལ་མའི་རྦ་རླབས་སྒྲོག་པ་ཞིག་ཏུ་སླེབས་སོ། །དེ་དུས་བཟང་མོ་འཇིགས་ཤིང་སྐྱོ་ནས་སྨྲས་པ། ཨེ་མ་འདི་འདྲའི་གནས་འདི་ཅི་ཞིག་ཡིན། །འདྲེ་སྲིན་འབྱུང་པོ་ཉིན་མོ་མཐོང་བ་དང༌། །རྫུ་འཕྲུལ་ཆེ་ཞིང་ཆོ་འཕྲུལ་སྟོན་པ་འདི། །འཆི་བདག་བདུད་ཀྱི་གྲོང་ཁྱེར་ཡིན་པ་འདྲ། །སྟག་དང་སེངྒེ་གཅན་གཟན་ལ་སོགས་ཏེ། །མི་དྲེད་མཆེ་བ་གཙིགས་ཤིང་རྔམ་པ་མཐོང༌། །དུག་ཆུ་ཁོལ་མའི་རྦ་རླབས་སེམས་པ་སྐྱོ། །འདི་ནས་ཐར་བའི་དུས་ནི་མི་འདུག་པས། །ད་ནི་སྲོག་གི་འདུ་བྱེད་གཏོང་བ་འདྲ། །བླ་མ་ལྷ་དང་དཀོན་མཆོག་རིན་པོ་ཆེ། །བདག་ཅག་བཟའ་མི་གཉིས་ཀྱི་ལམ་སྣ་དྲོངས། །ཞེས་སྨྲས་པ་དང༌། རྒྱལ་བུའི་ཐུགས་དགོངས་ལ་བཟང་མོ་འཇིགས་པ་ཡིན་པར་འདུག་དགོངས་ནས་སྨྲས་པ། འདྲེ་དང་འབྱུང་པོ་ལྷ་ཀླུ་གནོད་སྦྱིན་ཚོགས། །མིའམ་ཅི་དང་ས་བདག་སྟོབས་པོ་ཆེ། །སྟག་དང་སེངྒེ་འཕར་བ་སྤྱང་ཀིའི་ཚོགས། །མི་དྲེད་ལ་སོགས་གཅན་གཟན་ཚོགས་རྣམས་ཀུན། །ད་ཅིག་བདག་ལ་དགོངས་ཤིག་གསན་དུ་གསོལ། །བདག་ནི་སྟོང་པའི་བློ་དང་ལྡན་པས་ན། །ལུས་དང་སྲོག་ལ་འཕངས་པ་མི་འདུག་སྟེ། །མནྡེ་བཟང་མོ་སེམས་ཉིད་བདེ་བའི་ཕྱིར། །ཁྱེད་ཅག་གནོད་སེམས་གདུག་རྩུབ་མ་བྱེད་པར། །བྱང་སེམས་ལྡན་ཞིང་གནོད་པ་མ་བྱེད་ཅིག །ཞི་བ་ཆེན་པོའི་ངང་ལ་གནས་སུ་གསོལ། །ཅེས་གསུངས་པ་དང༌། འདྲེ་སྲིན་གདུག་པ་ཅན་ཐམས་ཅད་གནོད་པ་མི་བྱེད་ཅིང་ཞི་བའི་ངང་ལ་གནས་སོ། །གཅན་གཟན་གྱི་ཚོགས་རྣམས་ཀྱང་གནོད་པ་མི་བྱེད་པར་རང་དང་འདྲིས་པའི་ཁྱི་བཞིན་དུ་མཇུག་མ་འཁྲིལ་ཞིང་བསུ་བ་བྱེད་དོ། །བྱའི་ཚོགས་རྣམས་ཀྱང་སྙན་པའི་སྒྲ་སྒྲོགས་ཤིང་བསུ་བ་བྱེད་དོ། །དེ་ནས་བྱོན་པས་བདུད་རི་ཆེན་པོ་དེར་ཕེབས་སོ། །རི་དེ་ཡང་ཕུ་ན་གངས་རི་དཀར་བ། མདའ་ན་རྫ་རི་དམར་བ། བར་ན་ཆུ་ཕྲན་འབབ་པ་ཞིག་འདུག །རྒྱལ་བུས་རི་དེ་ལ་ཕེབས་པ་ཙམ་གྱིས་ཤིང་སྐམ་པོ་ལ་ལོ་འདབ་རྒྱས་པ། ཆུ་མིག་སྐམ་པོ་ལ་ཆུ་བརྡོལ་བྱུང་ངོ༌། །དེའི་དུས་རི་དེ་ལ་གནས་པའི་ལྷ་ཀླུ་གནོད་སྦྱིན་དྲི་ཟ་སྲིན་པོ་དག །ཤ་ཟ་གྲུལ་བུམ་འབྱུང་པོ་རོ་ལངས་དང༌། ནམ་མཁའ་ལྡིང་དང་མིའམ་ཅི་ལ་སོགས་པ་ཐམས་ཅད་སྟག་དང་གཟིག་དང༌། དོམ་དང་དྲེད་དང་སྤྱང་ཀི་དང་ཅེ་སྤྱང་ལ་སོགས་པ། གཅན་གཟན་དུ་མ་དང་གླང་པོ་ཆེ་དང་མ་ཧེ་དང་ཁྱུ་མཆོག་ལ་སོགས་པའི་རི་དྭགས་ཀྱི་ཚོགས་རྣམས་དང༌། ཁྲུང་ཁྲུང་དང་ངང་པ་དང་ངུར་པ་རྨ་བྱ་ལ་སོགས་ཏེ་འདབ་བྱའི་ཚོགས་རྣམས་དང༌། གཞན་ཡང་རི་དེ་ལ་གནས་པའི་སྲོག་ཆགས་ཀྱི་རིགས་འདུས་ཏེ། རྒྱལ་བུ་ཡབ་ཡུམ་གཉིས་ལ་བསུ་བ་བྱས་སོ། །དེ་ནས་རྒྱལ་བུ་ཡབ་ཡུམ་གྱིས་བདུད་རི་དེ་ལ་གཟིགས་པས། རི་དེ་ཡང་ཁ་ལྷོར་བལྟ་བ། ཉི་མ་འཆར་བ་སྔ་བ་རྒས་པ་ཕྱི་བ། གཡེང་བའི་ཅ་ཅོ་མེད་པ། གཙང་བའི་ཆུ་ཕྲན་འབབ་པ། བྱ་སྣ་ཚོགས་ཕན་ཚུན་རྩེ་བ། ཨིནྡྲའི་ཤིང་ཐོག་ཡོད་པ། ས་གཙང་ཞིང་མེ་ཏོག་སྣ་ཚོགས་སྐྱེས་པ། ཡིད་དྭངས་ཤིང་མདངས་དང་ལྡན་པའི་གནས་དེ་རུ་ཤིང་ལོའི་སྤྱིལ་བུ་རེ་བྱས་ནས་རྒྱལ་བུས་ནི་སེམས་ཀྱི་དོན་ལ་བལྟ་ཞིང་བཞུགས། བཟང་མོ་ནི་རྒྱང་ཙམ་ཞིག་ཏུ་བསྡད་ནས་སྐབས་སྐབས་སུ་ཤིང་ཏོག་རེ་འཐུས་ནས་རྒྱལ་བུ་ལ་མཆོད་དོ། །དེ་ནས་ཡུན་རིང་པོ་ཞིག་ལོན་པའི་ཚེ། བཟང་མོས་རྒྱལ་བུའི་དྲུང་དུ་ཕྱིན་ཏེ་ཞུས་པ། གང་གི་བློ་གྲོས་དག་ཅིང་མི་སྨྲ་བའི། །གཞོན་ནུ་དྲི་མེད་ཀུན་ལྡན་བདག་ལ་གསོན། །གནས་ཆེན་འདི་རུ་ལོ་ནི་བཅུ་སོང་ངོ༌། །ཕར་ལམ་ཟླ་དྲུག་ཚུར་ལམ་ཟླ་བ་དྲུག །ལོ་དུས་རང་ཡུལ་སླེབས་པ་སྙམ་པ་འདུག །དེ་ཡི་བར་ལ་དལ་གྱིས་བྱོན་ན་མི་ལེགས་སམ། །ཞེས་ཞུས་པས་རྒྱལ་བུས་གསུངས་པ། བཟང་མོ་མ་ཡེངས་དར་ཅིག་བདག་ལ་ཉོན། །ཐུབ་པས་ལུང་བསྟན་ནགས་ཁྲོད་དམ་པ་འདིར། །མི་མཐུན་གཡེང་བའི་ཅ་ཅོ་རབ་སྤངས་ཏེ། །ཏིང་འཛིན་དགའ་ལྡན་བདེ་བའི་གནས་འདི་རུ། །དགེ་སྦྱོར་འཕེལ་བས་མི་འགྲོ་དེ་རུ་སྡོད། །ཅེས་གསུངས་ནས། བསམ་གཏན་ལ་བཞུགས་སོ། །དེ་ནས་བཟང་མོས་ནགས་ཀྱི་མཐའ་ཞིག་ཏུ་ཤིང་ཏོག་འཚོལ་དུ་ཕྱིན་ནས་ནགས་དེ་ན་སྤུ་སྡུག་མཛེས་པའི་ནེ་ཙོ་སྨྲ་མཁན་ཞིག་དང་འཕྲད་པ་ལས། བཟང་མོས་ནེ་ཙོ་དེ་ལ་སྨྲས་པ། མཛེས་སྡུག་ལྡན་པའི་བྱ་ཆེན་སྨྲ་མཁན་ཁྱེད། །ཡིད་འོང་མཛེས་ཤིང་ལྷག་པར་མོས་པ་དང་། །མགྲིན་པ་ཁ་དོག་ལེགས་ཤིང་དམར་བའི་མཆུ། །མི་མེད་བདུད་རི་ཆེན་པོ་དེར་སླེབས་ཚེ། །རོ་མཆོག་ལྡན་པའི་མི་ཟས་མེད་པས་ན། །ནགས་ཀྱི་དཀྱིལ་དུ་ཤིང་ཏོག་ཚོལ་དུ་འོང༌། །འདབ་ཆགས་བྱ་ཡི་ལུས་ལ་སྨྲ་ཤེས་མཁན། །བདག་ལ་དགོས་པའི་འབྲས་བུ་ག་ནས་མང༌། །བྱ་ཆེན་ཁྱེད་ཀྱིས་བདག་ལ་བསྟན་དུ་གསོལ། །ཞེས་སྨྲས་པས། ནེ་ཙོ་དེས་ཤིང་དེའི་རྩེ་ལ་ཕར་ཤིག་ཚུར་ཤིག་ལན་གསུམ་བྱས་ནས་སྨྲས་པ། གཞོན་ནུ་ལང་ཚོ་ལྡན་པའི་བཟང་མོ་ཁྱོད། །བལྟ་བའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་རྒུ་རིགས་སྤྱོད་ལྡན་པ་ཡི། །ཁྱོད་ཀྱི་བཞིན་ནི་ཟླ་བ་ཉ་གང་འདྲ། །བདག་ཡིད་ཁྱོད་ལ་སོང་བས་རྒྱ་མཚོར་ལྷུངས། །འཛུམ་པའི་མདངས་ལྡན་ལྷ་མོ་ཁྱོད་མཐོང་དགའ། །གང་འདོད་འབྲས་བུ་བདག་གིས་བསྟན་པར་བྱ། །ཞེས་ཟེར་ནས་ནེ་ཙོས་བཟང་མོ་ཤིང་ཏོག་ཡོད་སར་ཁྲིད་ནས། ཨིནྡྲའི་སྡོང་པོ་གཅིག་གི་རྩེ་ལ་སོང་སྟེ། འབྲས་བུ་མང་པོ་ཕབས་པས། བཟང་མོ་ཡིད་དགའ་ཞིང་ཤིང་ཏོག་གིས་ཚིམས་པར་གྱུར་ནས་སྨྲས་པ། འདབ་བྱ་མཁའ་ལ་འཕུར་བའི་རྫུ་འཕྲུལ་ཅན། །འབྲས་བུས་བདག་ཚིམས་དགེ་ལྡན་ཁྱེད་རང་གིས། །རིགས་མཐུན་རྣམས་དང་ལེགས་པར་རྩེ་འདོད་ལ། །བདེ་བར་བཞུགས་ཤིག་རིགས་མཐུན་གྲོགས་ཀྱི་ཚོགས། །བདག་ཀྱང་མྱུར་དུ་མཇལ་བའི་སྨོན་ལམ་ཞུ། །ཞེས་སྨྲས་པ་དང༌། དེ་ནས་ནེ་ཙོ་དེས་ཤིང་གི་རྩེ་ནས་བབས་ཏེ། གོམ་པ་བརྒྱད་ཅུའི་བར་དུ་སྐྱེལ་མ་བྱས་ནས། སྨྲས་པ། དགེ་ལྡན་ལུས་མཛེས་རིགས་བཟང་ཚུལ་ལྡན་ཁྱོད། །མཛེས་པའི་སྤྱོད་པ་ཡིད་འོང་ལྷ་མོའི་གཟུགས། །ཨུཏྤལ་འཛུམ་བག་ཅན་ཁྱོད་བདེ་བར་བྱོན། །ཚེ་འདིར་མི་འཕྲད་ཕྱི་མ་མཇལ་བར་སྨོན། །ཞེས་སྨྲས་ནས་ནེ་ཙོ་ཡང་ཕྱིར་ལོག་གོ །དེ་ནས་བཟང་མོས་ལོག་ཡོང་བའི་ལམ་ཁ་ཞིག་ཏུ་ཆུ་དྲག་པོ་ལྷང་ལྷང་འབབ་ཅིང་འདུག་པ་ལས། བཟང་མོའི་བསམ་པ་ལ། ཆུ་འདི་བྷེ་ཏའི་ཡུལ་དུ་འབབ་ལས་ཆེ། བདག་གི་ལྕམ་སྲིང་གསུམ་དང་འཕྲད་པར་སྙམ་ནས་སྨྲས་པ། ཆུ་མཆོག་དར་དཀར་ལུས་ལ་གྱོན་པའི་ཆབ། །བཀྲེས་སྐོམ་དབུལ་འཕོངས་སེལ་བའི་བདུད་རྩིའི་ཆུ། །དྭངས་ཤིང་རྒྱུན་ཆད་མེད་པ་བསིལ་བའི་ཆབ། །ཤིན་ཏུ་ཡིད་འོང་སྙན་པའི་སྒྲ་སྒྲོག་ཅིང༌། །ཐག་རིང་ས་དེར་འབྱོན་པའི་ལམ་ཁ་ན། །བདག་གི་ལྕམ་སྲིང་གསུམ་དང་འཕྲད་ལས་ཆེ། །འཕྲད་ན་ང་ཡི་འཕྲིན་འདི་ཁྱོད་ཀྱིས་གསུངས། །ཡབ་ཡུམ་སྐུ་ཁམས་བཟང་ཞིང་བདེ་བར་ཡོད། །མཛེས་སྡུག་རིགས་ལྡན་གསུམ་གྱི་ཚེ་ལ་ཡང༌། །གློ་བུར་ནད་ཀྱི་བར་ཆད་མེད་ལས་ཆེ། །ཡབ་ཡུམ་སྲས་བཅས་བྲལ་ནས་ཡུན་རིང་བས། །ཡུན་རིང་བར་དུ་ཐུགས་ཡིད་སྐྱོ་བ་བདེན། །སྙིང་དང་བྲལ་བའི་སྡུག་བསྔལ་བྱུང་ལགས་ཏེ། །ལན་ཅིག་ཐོག་ཏུ་མི་ཁུར་ཀ་མེད་བྱུང༌། །ལོ་ནི་བཅུ་གཉིས་འགྲོ་བ་མྱུར་དུ་ཡོད། །ཡབ་ཡུམ་སྲས་བཅས་མྱུར་དུ་མཇལ་བར་ཡོད། །ཞེས་སྨྲས་ནས་ལོག་གོ །དེ་ནས་ལྕམ་སྲིང་གསུམ་པོས་ཆུ་དེའི་འཁྲིས་ན་ཡར་ཤིང་འཐུར་བྱོན་པས། ཆུ་དེས་ཡབ་ཡུམ་གྱི་འཕྲིན་རྣམས་སྲས་གསུམ་ལ་སྤྲད། དེར་སྲས་གསུམ་ཡབ་ཡུམ་དྲན་པའི་སྟབས་ཀྱིས་ཡབ་ཡུམ་གྱི་མཚན་ནས་འབོད་ཅིང་ངུས་སོ། །དེ་ནས་སྲས་མོ་ལེགས་མཛེས་མས་རི་མཐོ་བ་གཅིག་གི་རྩེ་ལ་བྱོན་པས། ནམ་མཁའ་ནས་ཚུར་བྱ་ཀ་ལ་པིང་ཀ་ཞིག་གསུང་སྙན་པོ་སྒྱུར་བ་ཞིག་འཕུར་བྱུང་བས། དེའི་དུས་ལེགས་མཛེས་མ་སེམས་པ་སྐྱོ་ཞིང་བྱ་འདི་བདུད་རིའི་ཕྱོགས་ལ་འགྲོ་ལས་ཆེ། བདག་གི་ཡབ་ཡུམ་གཉིས་དང་འཕྲད་ཡོང་སྙམ་ནས་སྨྲས་པ། འདབ་བྱ་གངས་དཀར་འཕུར་བའི་ཉམས་དགའ་བ། །ཀ་ལ་པིང་ཀའི་གསུང་སྙན་ཀྱུ་རུ་རུ། །ཀ་ལའི་གསུང་སྙན་ཐོས་པས་བདག་ཡིད་སྐྱོ། །བྱ་ཆེན་ཁྱོད་ཀྱི་ཐུགས་ཡིད་མ་ཚབ་པར། །ཁོ་མོ་སྐྱོ་བའི་ཐད་དུ་ཐུགས་གཏད་མཛོད། །བྱ་ཆེན་བདུད་རིའི་ཕྱོགས་ལ་གཤེགས་ལགས་སམ། །བྱ་ཆེན་ཁྱེད་གཉིས་འབྱོན་པའི་ལམ་ཁ་ན། །བདག་གི་ཡབ་ཡུམ་གཉིས་ཡོད་འདི་སྐད་གྱིས། །ཡབ་ཡུམ་སྐུ་ཁམས་བཟང་ཞིང་བདེ་ལགས་སམ། །འདི་ན་བདག་ཅག་ལྕམ་སྲིང་གསུམ་པོ་ལ། །གློ་བུར་ནད་ཀྱི་བར་ཆད་མ་བྱུང་སྟེ། །ཡབ་ཡུམ་གཉིས་དང་བྲལ་བའི་སྡུག་བསྔལ་གྱིས། །རང་སེམས་སྐྱོ་ནས་ཉིན་མཚན་མ་འཁྱོལ་བས། །བདག་ཅག་ལྕམ་སྲིང་གསུམ་ལ་ཐུགས་རྗེས་གཟིགས། །མྱུར་དུ་མཇལ་བའི་གསུང་འཕྲིན་བྱུང་ལགས་པས། །མྱུར་དུ་མཇལ་བའི་མཐུ་དང་དབང་ཡོད་ན། །ལྕམ་སྲིང་ཐུགས་ཀྱིས་དགོངས་ཏེ་མྱུར་དུ་བྱོན། །ཞེས་པའི་འཕྲིན་བྱ་ལ་བསྐུར་རོ། །དེ་ནས་བྱ་དེས་བདུད་རིའི་ཕྱོགས་སུ་ཡབ་ཡུམ་གཉིས་ལ་འཕྲིན་བགྱིས་སོ། །དེར་ཡབ་ཡུམ་གཉིས་ཀྱང་ཐུགས་སྐྱོ་ནས་སྤྱན་ཆབ་མང་པོ་ཤོར་རོ། །སྤྱན་ཆབ་དེ་རྣམས་ལ་རྒྱ་མཚོ་ཞིག་འཁྱིལ། རྒྱ་མཚོ་དེ་ལ་པདྨའི་སྡོང་པོ་ཞིག །པདྨའི་སྡོང་པོ་དེ་ལ་མེ་ཏོག་སྟོང་རྩ་གཅིག་ཤར། མེ་ཏོག་སྟོང་གཅིག་ལ་སངས་རྒྱས་སྟོང་རྩ་གཅིག་འཁྲུངས། སངས་རྒྱས་དེ་དག་ཐམས་ཅད་ཀྱི་ངོ་བོ་སྤྱན་རས་གཟིགས་འཁྲུངས་པས། ཡབ་ཡུམ་གཉིས་ཀྱིས་ཕྱག་དང་བསྐོར་བ་ལ་སོགས་མཆོད་ཅིང་བསྟོད་དོ། །དེ་ནས་བཟང་མོས་ལྕམ་སྲིང་གསུམ་དྲན་པའི་སྟབས་ཀྱིས་རྒྱལ་བུ་ལ་ཕྱག་བཙལ་ནས་ཞུས་པ། བློ་གྲོས་ལྡན་པའི་རྒྱལ་བུ་ཚུར་གསོན་དང༌། །གནས་ཆེན་འདི་རུ་ལོ་ནི་བཅུ་གཉིས་སོང༌། །ཕར་ལམ་ཟླ་དྲུག་ཚུར་ལམ་ཟླ་བ་དྲུག །ལོ་ནི་བཅུ་གསུམ་ཡབ་ཀྱི་བཀའ་ལས་ལྷག །ད་ནི་རང་གི་ཡུལ་དུ་འབྱོན་པར་ཞུ། །སྙིང་དང་འདྲ་བའི་ལྕམ་སྲིང་གསུམ་པོ་དང༌། །ཕ་མ་ལ་སོགས་རང་ཡུལ་དྲན་པ་འདུག །བདག་ལ་བརྩེ་བས་དགོངས་ཏེ་ཕེབས་པར་ཞུ། ཞེས་ཞུས་པ་དང༌། རྒྱལ་བུའི་དགོངས་པ་ལ་ད་ནི་བཟང་མོ་ཡང་སྐྱོ་བ་བདེན་སྙམ་དུ་དགོངས་ནས། བཟང་མོ་མཆི་མ་མ་འདོན་ཅིག །ད་རང་རེ་གཉིས་འགྲོ་བར་བྱའོ་གསུངས་ནས་རྒྱལ་བུ་གདན་ལས་བཞེངས་ཏེ་འབྱོན་པར་ཆས་པ་དང༌། རི་དེ་ལ་གནས་པའི་ལྷ་ཀླུ་གནོད་སྦྱིན་དང༌། གཅན་གཟན་བྱའི་ཚོགས་ཐམས་ཅད་འདུས་ཏེ། རང་རང་གི་སྐད་བཏོན་ནས་རྒྱལ་བུ་ཡབ་ཡུམ་ལ་བཞུགས་པར་ཞུ་ཟེར་ཞིང་མཆི་མ་འདོན་ནོ། །དེར་རྒྱལ་བུའི་དགོངས་པ་ལ་འདྲེ་སྲིན་དང་སེམས་ཅན་འདི་རྣམས་སྙིང་རྗེ་དགོངས་ནས་ཕྱག་གཡས་པས་སྐྱབས་སྦྱིན་གྱིས་ཕྱག་རྒྱ་མཛད་ནས་སྨྲས་པ། འདྲེ་དང་འབྱུང་པོ་གནོད་སྦྱིན་དྲི་ཟ་དང༌། །སེམས་ཅན་མ་ལུས་སྲོག་ཆགས་ཁྱེད་རྣམས་ཀྱིས། །ཡུན་རིང་ཕ་མ་ལྟ་བུའི་འདུ་ཤེས་དང༌། །གཉེན་གྱི་ཚུལ་དུ་བརྩེ་དུང་བྱས་པས་བཟང༌། །ཡུན་རིང་འགྲོགས་པའི་མཐའ་མ་དེ་རིང་ཡིན། །ཁམས་གསུམ་འཁོར་བའི་སེམས་ཅན་ཐམས་ཅད་ལ། །འདུས་བྱས་མི་རྟག་མཚན་ཉིད་འདི་ཡིན་པས། །ཁྱེད་ཅག་རྣམས་ཀྱང་ཆོས་ལ་དད་པར་གྱིས། །རང་གིས་གཞན་ལ་གནོད་པ་མ་བྱེད་ཅིག །བདེ་བར་སྡོད་ཅིག་རིགས་མཐུན་གྲོགས་པོའི་ཚོགས། །ཚེ་འདིར་མི་འཕྲད་ཕྱི་མ་མཇལ་བར་སྨོན། །ཅེས་གསུངས་ནས་ཡབ་ཡུམ་གཉིས་བྱོན་པ་དང༌། སེམས་ཅན་དེ་རྣམས་ཐམས་ཅད་ཡིད་སྐྱོ་བར་གྱུར་ཅིང༌། ཡབ་ཡུམ་གཉིས་ལ་སྐྱེལ་ཐུང་ཐག་རིང་པོའི་བར་དུ་བྱས་ནས་ལོག་གོ །དེ་ནས་བྱོན་པས་འོད་འདུས་རླུང་གི་གནས་བྱ་བ་དེར་ཕེབས་སོ། །དེར་ཡང་བྲམ་ཟེ་མིག་ལོང་བ་ཞིག་བྱུང་ནས་ལག་པ་གདེང་ཞིང་སྦྱིན་པ་ཞུ་ཟེར་ནས། རྒྱལ་བུའི་ཞལ་ནས་ཁྱོད་བྱོན་པ་དགའ་སྟེ། བདག་ལ་སྟེར་རྒྱུ་མེད་པས་ཅི་སྟེར་གསུངས་པས། བྲམ་ཟེ་ན་རེ་བདག་ལ་ཁྱེད་ཀྱི་སྤྱན་གཉིས་པོ་ཞུ་ཟེར་བ་དང༌། རྒྱལ་བུ་དགྱེས་ཏེ་ས་དེ་ཁར་སྐྱིལ་མོ་ཀྲུང་མཛད་དོ། །ད་ནི་སྦྱིན་པའི་མཐའ་རྫོགས་པར་བྱའོ་དགོངས་ནས་བཟང་མོ་ད་ནི་བདག་ལ་ཆགས་པ་དང་ཞེན་པ་མ་བྱེད་ཅིག །ཇི་སྲིད་འཁོར་བ་ཐོག་མཐའ་ནས། ལུས་ཙམ་ཞིག་བླངས་ཀྱང་དོན་མེད་དུ་སོང་སྟེ། ད་འདི་ལ་དོན་ཅན་དུ་བྱའོ་གསུངས་ནས། ཕྱག་གཡས་པས་རབ་ཏུ་རྣོ་བའི་གྲི་གཟུང་གཡོན་པས་སྤྱན་གྱི་ལྤགས་པ་བསལ་ནས་གྲི་བཙུགས་པས་ཁྲག་ཆིལ་གྱིས་བྱུང་ངོ་། །དེར་མནྡེ་བཟང་མོ་མྱ་ངན་གྱི་སྐད་ཆེན་པོ་བཏོན་ཏེ་སེམས་ཀྱིས་མ་བཟོད་པས་ཕར་ཕྱག་ལ་འཆང་ནས་ངུས་པས། །རྒྱལ་བུས་གསུངས་པ། བཟང་མོ་མྱ་ངན་དེ་ལྟར་མ་བྱེད། དེ་ལྟར་བྱས་ན་བདག་ལ་སྙིང་ཉེ་བ་མ་ཡིན། སྙིང་རིང་བ་ཡིན། འོ་སྐོལ་གཉིས་བསྐལ་པར་འཕྲད་པར་མི་འགྱུར་བས། བདག་གི་སྦྱིན་པའི་གེགས་མ་བྱེད་པར་སྡོད་ཅིག་གསུངས་ནས། སྤྱན་ལ་གྲི་སྦྱར་ནས་བཙུགས་ཏེ་བཏོན་ནོ དེ་ནས་མནྡེ་བཟང་མོ་བལྟ་བས་མ་བཟོད་ནས་ཁ་ས་ལ་བུབ་སྟེ་བརྒྱལ་ལོ། །རྒྱལ་བུས་སྤྱན་གཉིས་ཕྱག་མཐིལ་དུ་བླངས་ནས་བྲམ་ཟེའི་མིག་ཏུ་བཅུག་ནས་སྨྲས་པ། ལེགས་པར་ཉོན་ཅིག་ལེགས་ལྡན་བྲམ་ཟེ་ཁྱོད། །བལྟ་བར་དཀའ་བའི་མིག་གཉིས་ཁྱོད་ལ་སྦྱིན། །ཁྱོད་ཀྱི་བསམ་པ་རྫོགས་ནས་སྲིད་གསུམ་མཐོང་བར་ཤོག །བདག་ལ་ནད་མེད་ཆོས་ཀྱི་སྤྱན་ལྡན་ནས། །མ་རིག་མུན་སེལ་ཐར་བའི་སྒྲོན་མེར་ཤོག །བདག་གི་སྤྱིན་པའི་མཐའ་ཡང་རྫོགས་པར་ཤོག །ཅེས་གསུངས་ཏེ་བདེ་བར་ལྷན་ནེ་བཞུགས་སོ། །དེ་ནས་བྲམ་ཟེས་གང་ལ་བལྟས་ཀྱང་མཐོང་བར་གྱུར་ནས། རྒྱལ་བུ་ལ་ཕྱག་ཕུལ་ནས་ཞུས་པ། བཀའ་དྲིན་ཆེའོ་རིགས་ལྡན་རྒྱལ་བའི་སྲས། །ཅི་འདོད་སྦྱིན་པས་ཚིམས་བྱེད་སྙིང་རྗེ་ཅན། །འཇིག་རྟེན་མུན་པ་སེལ་བའི་སྒྲོན་མེ་མཆོག །སྟོང་གསུམ་འགྲན་ཟླ་བྲལ་བའི་རྒྱལ་བུ་ཁྱེད། །སྤྱིར་སེམས་ཅན་ཀུན་ལ་བཀའ་དྲིན་ཆེ། །སྒོས་བྲམ་ཟེའི་ལས་ངན་སྡུག་བསྔལ་བསལ། །རྒྱལ་བུ་སྐུ་དྲིན་ཅན་ལ་ཕྱག་འཚལ་བསྟོད། །ཞེས་ཞུས་ནས་བྷེ་ཏའི་ཡུལ་ལ་ལོག་གོ །དེ་ནས་གྲོང་ཁྱེར་གྱི་མི་ཐམས་ཅད་འདུས་ནས་ཁྱོད་ཀྱི་མིག་ནི་གང་ནས་བྱུང་ཟེར། །བྲམ་ཟེ་ན་རེ། བདག་གི་མིག་འདི་རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་ཡིན། ངས་ཁོང་ལ་སློང་བ་ཡིན་བྱས་པས། དེའི་ཚེ་ཡབ་རྒྱལ་པོ་དང་འབངས་འཁོར་གཡོག་ཐམས་ཅད་ངོ་མཚར་སྐྱེས་ནས། རྒྱལ་བུ་དྲི་མེད་ཀུན་ལྡན་ལ་བློན་པོ་ཟླ་བ་བཟང་པོ་འཁོར་དང་བཅས་པ་གདན་འདྲེན་ལ་བཏང་ངོ༌། །དེ་ནས་ཡུན་རིང་པོ་ཞིག་ནས་མནྡེ་བཟང་མོ་དྲན་པ་རྙེད་ནས། ཡར་ལངས་ནས་རྒྱལ་བུ་ལ་བལྟས་པས་ཞལ་རས་དང་སྐུ་མདུན་ཐམས་ཅད་ཁྲག་གིས་གང་ནས་ཀྲོང་ངེ་བཞུགས་པ་དང༌། མནྡེ་བཟང་མོས་མཆི་མ་འདོན་ཞིང་སྨྲས་པ། ཨེ་མ་འཇིགས་པའི་རི་ལ་ལོ་ནི་བཅུ་གཉིས་སོང༌། །ད་ནི་རང་གི་ཡུལ་ལ་ལོག་ནས་ནི། །དགའ་བའི་གཉེན་གྱི་ཚོགས་དང་འཕྲད་སྙམ་པས། །འབད་པ་དོན་མེད་སོང་ངོ་ཨ་ཙ་མ། །ཀྱི་ཧུད་ཀྱི་ཧུད་འདི་འདྲའི་ལས་རིགས་ཨང༌། །ཞེས་སྐད་ཆེན་པོ་བཏོན་ནས་ངུས་པས། རྒྱལ་བུས་སྨྲས་པ། བཟང་མོ་མྱ་ངན་མ་བྱེད་ཆོས་ལ་འབུངས། །ཚེ་རབས་འཁོར་བ་ཐོག་མཐའ་མེད་པ་ནས། །ད་ལྟའི་མི་ལུས་འདི་ཡི་བར་དུ་ནི། །སྔར་བྱས་ཐམས་ཅད་དོན་མེད་ལས་སུ་སོང༌། །ད་རེས་དོན་ཆེན་སྙིང་པོ་ལེན་པ་ལ། །བཟང་མོ་ཁྱོད་རང་མྱ་ངན་མ་བྱེད་པར། །ད་ཡང་འགྲོ་བའི་ཁྱོད་ཀྱིས་ལམ་སྣ་དྲོངས། །ཞེས་གསུངས་ནས། བཟང་མོ་ལ་བརྟེན་ནས་བྱོན་པས། འདུས་པ་ཧ་རིར་ཕེབས་ནས་བཞུགས་པ་དང༌། བློན་པོ་ཟླ་བ་བཟང་པོ་གཡོག་འཁོར་དང་བཅས་པ་རྒྱལ་བུ་ཡབ་ཡུམ་བསུ་བ་ལ་ཕེབས་སོ། །དེར་བློན་པོ་འཁོར་དང་བཅས་པས་རྒྱལ་བུ་ཡབ་ཡུམ་ལ་ཕྱག་ཕུལ་ནས་བསྐོར་བ་བྱས་ནས་ཞུས་པ། ཀྱེ་བློ་ལྡན་སྐྱེས་བུ་ཆེན་པོ་ཁྱོད། །ཤིན་ཏུ་དཀའ་བའི་མཛད་པ་འདི་ལྟ་བུ། །ངོ་མཚར་ཆེའོ་ཡོན་ཏན་རྒྱ་མཚོའི་དཔལ། །བདག་ཅག་འཁོར་འབངས་ཐུགས་སུ་བཟུང་ཕྱིར་དུ། །བྷེ་ཏའི་ཡུལ་ཕྱོགས་འབྱོན་པར་གསོལ་བ་འདེབས། །ཞེས་སྨྲས་ནས་མཆི་མ་མང་པོ་འདོན། དེ་ནས་རྒྱལ་བུས་བློན་པོ་ཟླ་བ་བཟང་པོའི་སྤྱི་བོར་ཕྱག་བཞག་ནས་གསུངས་པ། ཟླ་བ་བཟང་པོ་འཁོར་བཅས་ཕེབས་ལགས་སམ། །བདག་ཀྱང་མ་ཤི་གསོན་ཙམ་ལགས། །ཨ་ཅང་ཀུ་རེ་ཡིན་ནོ་ཟླ་བཟང་ཉོན། །བྷེ་ཏའི་ཡུལ་ཕྱོགས་ཆབ་སྲིད་བརྟན་གྱུར་ཏམ། །ཡབ་ཡུམ་རྗེ་འབངས་སྐུ་ཁམས་བཟང་ལགས་སམ། །ཞེས་གསུངས་ནས། བློན་པོ་ཟླ་བ་བཟང་པོ་དང་མནྡེ་བཟང་མོ་གཉིས་ཀྱིས་རྒྱལ་བུའི་གཡས་གཡོན་ནས་ཁྲིད་ནས་བྱོན་ནོ། །དེར་ལམ་ཁ་ཞིག་ཏུ་སྐུ་སྙེས་མཛད་ནས་རྒྱལ་བུས་གསུངས་པ། ཕྱོགས་བཅུའི་བདེ་གཤེགས་སྲས་བཅས་བདག་ལ་དགོངས། །མནྡེ་བཟང་མོ་མྱ་ངན་བསལ་ཕྱིར་དང༌། །ཟླ་བ་བཟང་པོ་བསམ་པ་རྫོགས་ཕྱིར་དུ། །བདག་གི་མིག་གཉིས་སྔར་ལས་གསལ་བར་ཤོག །ཅེས་གསུངས་པས། །སྐད་ཅིག་ལ་སྤྱན་གཉིས་པོ་སྔར་ལས་གསལ་བར་གྱུར་ཏོ། །དེ་ནས་ཡང་ལམ་ཁ་ཞིག་ཏུ་རྒྱལ་པོ་ཤིང་ཁྲི་བཙན་པོས། རྒྱལ་བུ་དྲི་མེད་ཀུན་ལྡན་ཡབ་ཡུམ་འཁོར་དང་བཅས་པ་གདན་དྲངས་ནས་མཆོད་པས་མཉེས་པར་བྱས་ཏེ། སྔར་གྱི་ནོར་བུ་དགོས་འདོད་དཔུང་འཇོམས་དེས་གཙོ་བྱས་ནོར་བསམ་གྱིས་མི་ཁྱབ་པ་ཕུལ་ནས་ཞུས་པ། རྒྱལ་བུ་དམ་པ་ཁྱོད་ཡུན་རིང་པོའི་བར་དུ་འོ་བརྒྱལ་བ་དེ་བདག་གིས་ལན་པས། བཟོད་པར་གསོལ་ཞིང་བདག་གི་རྒྱལ་སྲིད་འཁོར་འབངས་རྣམས་ཀྱང་ཁྱེད་ལ་འབུལ། བདག་རང་འཁོར་བ་ནས་དྲང་དུ་གསོལ། ཞེས་ཞུས་ནས་ཕྱག་དང་བསྐོར་བ་མང་དུ་བྱས་པས། རྒྱལ་བུས་ཀྱང་དེ་ལྟར་ཞལ་གྱིས་བཞེས་སོ། །ཡབ་རྒྱལ་པོའི་དགྲ་ཟླ་དེ་ཡང་མངའ་འོག་ཏུ་ཚུད་དོ། །དེ་ནས་ཡང་བྱོན་པས་ལམ་ཁ་ཞིག་ཏུ། སྔར་གྱི་བྲམ་ཟེ་གསུམ་པོས་སྲས་ལྕམ་སྲིང་གསུམ་པོ་ཁྲིད་བྱུང་སྟེ། རྒྱལ་བུ་ལ་ཕྱག་དང་བསྐོར་བ་མང་དུ་བྱས་ནས་གསོལ་བ། ངོ་མཚར་རྨད་བྱུང་ཡབ་ཡུམ་ཕེབས་ལགས་སམ། །སྲས་མཆོག་ལྕམ་སྲིང་གསུམ་པོ་འདི་དག་གིས། །བདག་ཅག་རྣམས་ལ་ཕན་ཐོགས་ཆེན་པོ་བྱུང༌། །ད་ནི་རྒྱལ་བུའི་སྐུ་དྲིན་དྲན་ཕྱིར་འབུལ། །ཞེས་ཞུས་ནས་ཡབ་ཡུམ་གཉིས་ལ་ཕུལ་བས། རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་ཞལ་ནས་ངས་ལན་ཅིག་སྦྱིན་ནས་ལེན་པ་མི་ནུས་པས། ད་དུང་གང་ལྕོགས་ཀྱི་ལས་འཆོལ་ཅིག་གསུངས་པས། མནྡེ་བཟང་མོས་རྒྱལ་བུ་ལ་གསོལ་པ། རྒྱལ་བུ་ཆེན་པོ་བདག་ལ་ཚུར་དགོངས་དང༌། །རང་གི་ལུས་ལས་ཆད་པའི་མིང་སྲིང་གསུམ། །ལོ་ནི་བཅུ་གཉིས་བྲམ་ཟེའི་གཡོག་ལ་བྱིན། །ཨུ་དུམ་མེ་ཏོག་རྒྱ་ལམ་དུ་ནི་རྙེད། །དེ་བས་དཀོན་པའི་མིང་སྲིང་གསུམ་པོ་འདི། །རིགས་བཟང་རྒྱལ་པོའི་གདུང་རྒྱུད་ཡིན་གྱུར་ཀྱང༌། །རིགས་ངན་གཡོག་བྱས་སྡུག་བསྔལ་དཔག་མེད་མྱོང༌། །ཞེས་ཞུས་པས། རྒྱལ་བུའི་ཞལ་ནས་འོ་ན་དེ་ལྟར་བྱའོ། །བྲམ་ཟེ་གསུམ་པོ་བདག་གི་ཡུལ་དུ་དེངས། །མིང་སྲིང་གསུམ་པོ་ནོར་གྱིས་སླུ་བར་བྱེད། །ཞེས་གསུངས་ཏེ་ཡང་བྱོན་པས། ཡུམ་གྱི་རྒྱལ་ཕྲན་དང་བློན་པོ་འཁོར་འབངས་དང་བཅས་པས་དཔག་ཚད་བཅུ་གཉིས་ཀྱི་ལམ་ལ་མཆོད་པ་བྱས་ཤིང་བསུ་བ་མཛད་དོ། །ཡབ་རྒྱལ་པོ་ས་སྐྱོང་གྲགས་པ་ཡང་དཔག་ཚད་བདུན་སྤོས་དང་བཅས་བསུ་བ་ལ་ཕེབས་སོ། །བྷེ་ཏའི་པདྨོ་ཅན་གྱི་ཕོ་བྲང་ནས་སྣང་བ་འོད་ཀྱི་གྲོང་ཁྱེར་གྱི་བར་ལ་གདུགས་དང་རྒྱལ་མཚན་དང་བ་དན་དང༌། བསིལ་ཡབ་དང༌། རྔ་ཡབ་དང༌། གུར་ཁྱིམ་དང༌། རོལ་མོ་དང༌། མཆོད་སྦྱིན་དང༌། གླུ་གར་དང༌། ཏམ་བུ་ར་དང༌། ཏིང་ཏིང་ཤག་དང༌། གཡེར་ཁ་དང༌། དཔལ་བརྩེག་དང༌། དུང་ཆེན་དང་ཀ་པ་འདི་ལྟ་བུའི་སྒྲ་ལ་སོགས་པས་གྲོང་ཁྱེར་གྱི་སྲང་བར་ཐམས་ཅད་དུ་ཁྱབ་པར་བྱས་ཏེ་བསུ་བ་བྱས་པ་དང༌། རྒྱལ་བུ་ཡབ་ཡུམ་སྲས་ལྕམ་སྲིང་བྲམ་ཟེ་དང་བཅས་པ་རྣམས་སྣང་བ་འོད་ཀྱི་གྲོང་ཁྱེར་དུ་ཕེབས་པས། སྣང་བ་འོད་ན་རང་གི་རྒྱལ་ཕྲན་ཀུན་གཟིགས་ཞེས་བྱ་བ་ཡོད་པ་དེས། རྒྱལ་བུ་ཡབ་ཡུམ་འཁོར་དང་བཅས་པའི་མདུན་དུ་ཕྱག་དང་བསྐོར་བ་མཆོད་པའི་ཡོ་བྱད་མང་པོ་ཕུལ་ནས། འདི་སྐད་ཅེས་གསོལ་ཏོ། །གང་ཞིག་ནུབ་ཏུ་སོང་བའི་ཉི་མ་ཡང༌། །ལོག་ནས་ཤར་དུ་ཤར་བ་ཇི་བཞིན་དུ། །སེམས་ཅན་ཀུན་གྱི་ཕ་མ་རྒྱལ་བུ་ཁྱེད། །བདུད་རི་ལམ་ཐར་བྱོན་ནས་འདིར་ཕེབས་པ། །འགྲོ་བ་སེམས་ཅན་ཀུན་ལ་བཀའ་དྲིན་ཆེ། །བདག་ཅག་འཁོར་འབངས་ཀུན་གྱི་མྱ་ངན་བྲལ། །ཁྱེད་འདྲའི་དྲི་མེད་ཀུན་ལྡན་དོན་འགྲུབ་ཀྱིས། །རང་གི་སྲས་དང་མིག་གི་དབང་པོ་ཡང༌། །གཞན་ལ་སྦྱིན་པར་བཏང་བ་འདིར་ཐོས་ཤིང༌། །དེ་ལྟར་གྱུར་ནས་ཡབ་ཆེན་རྒྱལ་པོ་ཡང༌། །ནོར་བུ་དགྲ་ལ་བྱིན་པ་འཕངས་སམ་ཅི། །མཐུ་ལྡན་ལྷུན་པོ་རྒྱལ་མཚན་མི་དབང་ནི། །དྲི་མེད་གྲགས་པའི་མཚན་ཅན་དམ་པ་ཁྱེད། །དགའ་བའི་བསམ་གླིང་ཕོ་བྲང་དམ་པ་འདིར། །ཁྱོད་ཀྱིས་རྒྱལ་སྲིད་ཆོས་བཞིན་སྐྱོང་བར་ཤོག །བདག་ཀྱང་འདི་ནས་འཕོས་ཏེ་ཕྱི་མ་ལ། །ཡང་ཡང་ཁྱོད་ཀྱི་འཁོར་དུ་སྐྱེ་བར་ཤོག །སྨོན་ལམ་རྩེ་གཅིག་འདེབས་ཤིང་རྟེན་འབྲེལ་ཡོད། །ཅེས་གསོལ་ཏོ། །དེ་ནས་འབངས་རྒྱལ་ཕྲན་བློན་པོ་དང་བཅས་པ་ཀུན་གྱིས་བསུ་བ་བྱས་ཤིང་ཕྱག་དང་བསྐོར་བ་བྱས་ནས། རྒྱལ་པོ་གསེར་ཅན་ལ་སོགས་རྒྱལ་ཕྲན་གྱིས་གསེར་གྱི་དོང་ཙེ་རེ་རེ་ཕུལ། རབ་བཟང་དང་དོན་ལྡན་ལ་སོགས་པའི་བློན་པོ་རྣམས་ཀྱིས་དངུལ་གྱི་དོང་ཙེ་རེ་རེ་ཕུལ། གཞན་ཡང་ཡུལ་མི་ཁྱིམ་མངའ་འབངས་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཀྱང་དངུལ་དང༌། བཻ༌ཌཱུརྱ་དང༌། བྱི་རུ་དང༌། ས་ལེ་སྦྲམ་ལ་སོགས་པའི་ནོར་བུ་མང་པོ་ཕུལ་ལོ། །དེ་ནས་གྲོང་ཁྱེར་དཔལ་རྩེ་ལ། མེ་ཏོག་ཏུ་ཡབ་རྒྱལ་པོ་དང་མཇལ། དེར་རྒྱལ་བུ་དྲི་མེད་ཀུན་ལྡན་ཡབ་ཡུམ་སྲས་དང་བཅས་པས་ཕྱག་ཕུལ་ནས་ཡབ་ཡུམ་གྱི་ཕྱག་ནས་འཇུས་ཏེ་མང་དུ་བཤུམས་པས། ཡབ་ཀྱི་ཞལ་ནས། དེ་རིང་ཕ་བུ་འཕྲད་པའི་རྟེན་འབྲེལ་ཡོད་པས་ངུ་བའི་དོན་མེད་གསུངས་ནས་རྒྱལ་བུ་དང་མནྡེ་བཟང་མོའི་མཆི་མ་ཕྱིས་སྲས་ལྕམ་སྲིང་གསུམ་ལ་པོ་པོའི་པང་དུ་ཤོག་གསུངས་པས། སྲས་གསུམ་པོས་ཡོང་དུ་མ་འདོད་པས་དེར་ཡབ་རྒྱལ་པོའི་ཞལ་ནས་ཅི་ཡིན་གསུངས་པས། ལེགས་ལྡན་གྱིས་གསོལ་པ། དཔག་བསམ་ཤིང་ནས་ལྷུང་བའི་ཤིང་ཏོག་དེ། །རྒྱ་མཚོར་བབས་ནས་ཀླུ་རྣམས་ཀུན་གྱིས་ཟ། །རིགས་ཅན་གྲགས་པའི་དཔལ་གྱི་སྲས་ཡིན་ཀྱང༌། །ཆས་པའི་ལས་ཀྱིས་མཐའ་འཁོབ་རི་ལ་ཕྱིན། །ལམ་རིང་ཞུགས་ནས་མི་མེད་ལུང་སྟོང་དུ། །དྲི་མེད་ཡབ་ཀྱིས་བྲམ་ཟེ་གསུམ་ལ་བྱིན། །བདག་དང་ལེགས་དཔལ་ལེགས་མཛེས་མ་དང་གསུམ། །ལུས་ནས་ཆད་པའི་མིང་སྲིང་སྦྱིན་པ་བྱིན། །བྲམ་ཟེ་སོ་སོའི་ལས་དང་འཁོར་གཡོག་བྱས། །མི་གཙང་ཟས་ཟོས་གོས་རྣམས་གྲིབ་ཅན་གྱོན། །གྲིབ་དང་མནོལ་གྱིས་བདག་གསུམ་རྨོངས་གྱུར་པས། །ཡབ་ཆེན་ཁྱེད་ལ་སྐུ་གྲིབ་ཕོག་པ་འདུག །རྗེ་ཡི་པང་དུ་འོང་བར་མི་བྱའོ། །ཞེས་སྨྲས་པ་དང༌། སྲས་གསུམ་རིན་པོ་ཆེའི་སྣོད་དུ་སྤོས་ཆུས་ཁྲུས་བྱས། གོས་གསར་པ་བརྗེས་ནས། བྲམ་ཟེ་གསུམ་ལ་ལེགས་ལྡན་གྱི་རིན་ལ་གསེར་གྱི་དོང་ཙེ་ལྔ་བརྒྱ་གནང༌། ལེགས་དཔལ་གྱི་རིན་དུ་དངུལ་གྱི་དོང་ཙེ་ལྔ་བརྒྱ་གནང༌། ལེགས་མཛེས་མའི་རིན་དུ་གླང་པོ་ཆེ་སུམ་བརྒྱ་གནང་ནས། བྲམ་ཟེ་གསུམ་ལ་ལམ་རྒྱགས་དང་བཅས་ནས་ཡུལ་དུ་ལོག་གོ །དེ་ནས་རྒྱལ་བུ་དྲི་མེད་ཀུན་ལྡན་གྱིས་ཡབ་ལ་གསོལ་པ། མི་དབང་ཡབ་གཅིག་རྒྱལ་པོ་བདག་ལ་དགོངས། །ས་སྐྱོང་བསོད་ནམས་དཔལ་གྱི་རྒྱལ་པོ་ཡིས། །བཀའ་ལུང་ཇི་ལྟར་གསུངས་པའི་ཆད་པ་ཁུར། །ཐག་རིང་ལམ་དུ་ཉོན་མོངས་ཚད་པས་གདུང༌། །འཇིགས་པའི་རི་ལ་གཅན་གཟན་མ་རུང་དང༌། །འདྲེ་སྲིན་གདུག་པ་ཅན་དང་གནོད་སྦྱིན་སོགས། །མང་པོའི་དབུས་སུ་འཇིགས་པའི་སྤྱོད་ལམ་བསྐྱངས། །ཤིང་ལོའི་གོས་གྱོན་རྩྭ་ལ་གདན་བྱས་ནས། །ཟས་སུ་ཤིང་ཏོག་ཟོས་ནས་སྐོམ་དུ་ཆུ། །གྲང་མོ་བཏུང་ཞིང་སྐྱོ་གྲོགས་བྱ་ལ་བཅོལ། །འཇིག་རྟེན་ནོར་གྱི་ཕྱོགས་ལ་དཀའ་ལས་ནི། །བདག་གིས་མྱོང་བའི་སྡུག་བསྔལ་འདི་ལྟ་བུ། །འགྲོ་བ་སེམས་ཅན་ཀུན་ལ་མི་འབྱུང་ཤོག །ཡབ་ཀྱི་ནོར་བུ་དཔུང་འཇོམས་ནས་བཟུང་སྟེ། །མིག་གི་དབང་པོ་བྱིན་པའི་བར་གྱིས་ནི། །སྦྱིན་པའི་ཕ་རོལ་ཕྱིན་པ་རྫོགས་པར་ཤོག །ལས་དང་དགེ་བ་འདི་དག་བསྡོམས་པའི་མཐུས། །འགྲོ་བ་སེམས་ཅན་མ་ལུས་བདེ་གྱུར་ཅིག །ཁྱད་པར་ས་སྐྱོང་ཡབ་རྗེ་རྒྱལ་པོ་ནས། །སྐྱེ་བོ་འབངས་འཁོར་མ་ལུས་ཐམས་ཅད་ཀྱི། །ལས་དང་སྒྲིབ་པ་བག་ཆགས་ཀུན་ཞི་ནས། །ཕྱི་མ་ཐམས་ཅད་མཇལ་བའི་སྨོན་ལམ་འདེབས། །ཕྱི་མ་བདག་གི་སྦྱིན་པ་འདི་དག་གིས། །འབྲས་བུ་སངས་རྒྱས་ཐོབ་པའི་སར་བསྔོའོ། །ཞེས་གསུངས་པས། ཡབ་རྒྱལ་པོས་སྲས་ལ་བཀའ་སྩལ་པ། ཁྱོད་ཀྱིས་ཇི་ལྟར་སྨྲས་པ་དེ་ལྟར་བདེན། །མ་རྟོགས་ཉེས་པའི་སྐྱོན་གྱིས་ཁྱོད་ཉིད་ལ། །ཆད་པའི་ལས་ལ་སྦྱར་ནས་ཕྱི་རོལ་སྤྱུགས། །ཉོན་མོངས་བཅས་པ་དུ་མ་མྱོང་བ་དང༌། །བདག་ཉིད་རྒྱལ་བློན་འཁོར་བཅས་གྲོས་ལ་བཀལ། །ཐག་རིང་ལམ་དུ་གཞོན་ནུ་སླེབས་ཙ་ན། །བུ་ཚ་མིག་དང་བཅས་པ་གཞན་ལ་བྱིན། །རྟ་དང་ཤིང་རྟ་ནོར་དང་འབྲུ་ལ་སོགས། །མ་ལུས་སྦྱིན་པ་བདག་གི་རྣ་བས་ཐོས། །དེ་ལྟར་གྱུར་ན་ནོར་བུ་དཔུང་འཇོམས་ཀྱང༌། །དགྲ་ལ་སྦྱིན་པ་བྱིན་ལ་འགྱོད་མ་གྱུར། །ད་ནི་ཁྱེད་ཀྱིས་མཛད་པ་བདག་གིས་ཐོས། །ཤིན་ཏུ་ཡིད་ཆེས་དགའ་སྤྲོ་དཔག་མེད་སྐྱེས། །སྔར་བྱས་ཁྱེད་ལ་བསྡོ་བའི་ཉེས་པ་ཀུན། །མ་ལུས་བཟོད་པར་མཛོད་ལ་ཐུགས་ཀྱིས་དགོངས། །ཕྱིན་ཆད་སྒྲིབ་པ་མ་ལུས་བཤགས་པའི་ཕྱིར། །བདག་གིས་བང་མཛོད་གཏེར་གྱི་མཚོ་ཆེན་རྣམས། །ཁྱོད་ལ་འབོགས་པས་ཅི་དགའ་སྦྱིན་པར་ཐོང༌། །ཡབ་ཀྱིས་སྲས་དང་མནྡེ་བཟང་མོ་གཉིས་ཕྱག་གིས་ཁྲིད། སྲས་ལྕམ་སྲིང་གསུམ་ཤིང་རྟ་ལ་བསྐྱོན་ནས་ཕོ་བྲང་གི་སྒོ་དྲུང་དུ་ཡུམ་དགེ་ལྡན་བཟང་མོས་ཐོག་དྲངས་བཙུན་མོའི་ཚོགས་རྣམས་ཀྱིས་སྤོས་ཆུས་བྱིན་པ་རང་གིས་ནི། བསོད་ནམས་སྟོབས་ཀྱིས་ཚུར་ལ་བྱོན་ནས་བྱུང༌། ད་ནི་ལེགས་གཏམ་ཁྲ་ཡིག་དང༌། དཔུང་འཇོམས་ནོར་བུས་ཐོག་དྲངས་གཙུག་རྒྱན་དང་། །གསེར་དངུལ་རྟ་དང་བང་མཛོད་མ་ཧེའི་ཚོགས། །སྲས་དང་རྒྱལ་ཕྲན་བློན་པོར་བཅས་པ་དང༌། །སྐྱེ་བོའི་འབངས་དང་དཔུང་ཚོགས་མ་ལུས་རྣམས། །གཞོན་ནུ་བརྩེ་བ་ཆེན་པོས་དང་དུ་ལོང༌། །ཞེས་གསུངས་ནས་རིན་པོ་ཆེའི་རྒྱན་བསྐོན། བློན་འབངས་རྒྱལ་ཕྲན་དང་བཅས་ཕྱག་ཏུ་ཕུལ། ཙནྡན་གོར་ཤི་ཤའི་ཁྲི་ལ་རྒྱལ་བུ་གདན་དྲངས། རྒྱལ་རིགས་འཁོར་ལོ་ཆེ་ནས་བཟུང་སྟེ། རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་ཕྱག་ཏུ་ཕུལ། དེ་ནས་ཡང་ཡབ་རྒྱལ་པོས་གསུངས་ནས། ཡིད་མཛེས་དྲི་མེད་གཞོན་ནུ་བུ་ཁྱོད་ནི། །བདག་གིས་ནོར་ལ་ཇི་ལྟར་དགྱེས་པར་མཆོད། །རྒྱལ་ཕྲན་འབངས་དང་བཅས་པ་ཐམས་ཅད་སྐྱོངས། །རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ལྟ་བུར་སྲོངས། །ཆོས་ཁྲིམས་ཐར་པའི་རྒྱལ་མཚན་མ་ལུས་ཚུགས། །དབང་ཡོད་སྡིག་ལ་རྒྱབ་ཀྱིས་ཕྱོགས་པར་མཛོད། །མཆོད་གནས་དགེ་འདུན་བཅས་པ་གཙུག་གིས་ཁུར། །དམ་ཆོས་རིན་ཆེན་གཙུག་ལག་ཁང་ལ་སོགས། །ཕྱག་མཆོད་རྟེན་གྱི་དགེ་གནས་དུ་མ་ཚུགས། །དད་ལྡན་གཞན་ལ་མིག་བལྟས་ལེགས་པར་མཛོད། །བྱམས་དང་ཞི་བས་ཕྱི་ཡི་དགྲ་རྣམས་ཐུལ། །ཁོང་ཡངས་འཛུམ་གྱིས་ནང་གི་གཉེན་རྣམས་སྐྱོངས། །ཕ་ཡི་དམ་ཚིག་ཕྲེང་བ་འདི། །ལྷ་ཡི་བརྒྱ་བྱིན་མི་ལ་འཕོས་འདྲ་བའི། །དྲི་མེད་ཀུན་ལྡན་ཁྱེད་ལ་འཛོམས། །ལེགས་སྦྱར་མཛད་པའི་གཏམ་གྱི་འཕྲེང་བ་འདི། །གཞོན་ནུ་ཁྱོད་ཀྱིས་སྙིང་གི་དཀྱིལ་དུ་ཆོངས། །ཞེས་གསུངས་ནས། གསེར་གྱི་དམ་ག་ཨིནྡྲ་ནཱི་ལའི་ཞབས་ཀྱི་རྟགས་ཅན་དཔལ་བེའུ་ཤེལ་གྱི་དམ་ག་དང༌། སྤུག་པ་དཀར་པོ་མནྡྷེ་ཀར་དམ་ག་རྣམས། རྒྱལ་བུའི་ཕྱག་ཏུ་ཕུལ་ནས། རྒྱལ་བུ་དྲི་མེད་ཀུན་ལྡན་ཡབ་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་ནས། དཔག་ཚད་བཞི་བཅུ་རྩ་ལྔའི་བར་དུ་དགའ་སྟོན་ཡང་རྒྱས་པར་བྱས་སོ། །དེ་ནས་རྒྱལ་བུ་དྲི་མེད་ཀུན་ལྡན་གྱིས་རྒྱལ་སྲིད་བསྐྱངས་ཏེ། རྒྱལ་བུའི་བསོད་ནམས་དང་མཐུ་སྟོབས་ཀྱིས་སྔར་ལས་ཀྱང་རྒྱལ་ཁྲིམས་ཚུགས་པ་དང་རྒྱས་པར་གྱུར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྒྱལ་བུ་ལ་འདི་སྐད་གསུངས། ཕ་རོལ་གཞན་ལ་བྱིན་ནས་དགེ་བ་བསྔོས། །མཐའ་མེད་ཡབ་ཀྱིས་བདུད་རི་ཆེ་ལ་སྤྱུགས། །དྲག་པོའི་སྡུག་བསྔལ་དུ་མ་མ་ལུས་པ། །ཐེག་པ་ཁུར་ནས་སེམས་ཅན་མ་ལུས་ཀྱི། །དོན་གྱི་ཕྱིར་དུ་བུ་དང་བུ་མོ་བྱིན། །ཉི་ཤུ་གཉིས་པ་ཞེས་པའི་དུས་ཀྱི་ཚེ། །རང་གི་མིག་གི་དབང་པོ་སྦྱིན་པར་བྱིན། །གཞན་ལས་གསལ་བའི་མིག་གི་མཆོག་ཐོབ་སྟེ། །རང་ཡུལ་སླེབས་ནས་རྒྱལ་སྲིད་འཁོར་ལོ་བཟུང༌། །ཡོ་ལང་རྒྱལ་སྲིད་སྙིང་པོ་མེད་དགོངས་པར། །འགྲོ་བ་ཀུན་ལ་མ་ལུས་བསྐྱར་ནས་བྱིན། །བླ་མེད་བྱང་ཆུབ་སྒྲུབ་པའི་སྨོན་ལམ་བཏབ། །མཐར་ཚོགས་གྲགས་པའི་དབང་ཕྱུག་ཁྱེད་ལྟ་བུ། །ས་སྟེང་འདི་ན་སྒྲོན་མེ་གཅིག་པོ་སྟེ། །ཁྱོད་ལས་ལྷག་པ་འཁོར་ལོ་སྒྱུར་བ་དཀོན། །དྲི་མེད་འདི་ནས་འདས་ཏེ་ཤར་ཕྱོགས་སུ། །པོ་ཏའི་རི་ལ་བཟང་པོ་རྒྱས་པ་ཞེས། །ཡོངས་སུ་གྲགས་པའི་སངས་རྒྱས་སྲས་སུ་སྐྱེ། །དེ་ཡང་མ་དག་འགྲོ་བ་འདྲེན་པར་འགྱུར། །ཆོས་ཀྱི་འཁོར་ལོ་བསྐོར་ནས་མངོན་སངས་རྒྱས། །ཡབ་རྗེ་ས་སྐྱོང་གྲགས་པ་ཡང༌། །བསྐལ་པ་བྱེ་བ་བརྒྱ་འདས་རྗེས་ལ་ནི། །བསྐལ་པ་འོད་ཅན་ཞེས་པའི་དུས་ཀྱི་ཚེ། །སངས་རྒྱས་གངས་ཅན་བྱ་བར་སྐུ་འཕྲོས་ནས། །བསྟན་པའི་ཆོས་སྲིད་དར་ཞིང་རྒྱས་པར་སྐྱོང༌། །དགེ་ལྡན་བཟང་མོ་ཞེས་བྱའི་བཙུན་མོ་འདི། །ཚེ་འཕོས་གཡུ་ལོའི་ཞིང་ཁམས་དམ་པ་རུ། །སྐྱེ་དགུ་འཛིན་པའི་བདག་མོར་སྐྱེ་བར་འགྱུར། །མནྡེ་བཟང་མོ་ཞེས་བྱའི་བཙུན་མོ་འདི། །ཕྱི་མ་སྐྱེ་བ་འདི་བོར་སེངྒྷ་ལའི། །རྒྱལ་པོ་བདེ་བྱེད་བྱ་བ་སྐྱེ་བ་ལེན། །རིགས་བཟང་སྲས་བཅས་རྒྱལ་བུ་ཁྱེད་ཉིད་ནི། །ཕྱི་མ་རྒྱ་གར་ལྷོ་ཕྱོགས་གནས་དག་ཏུ། །ཆེ་བ་རྒྱལ་པོ་དོན་ལྡན་མཆོག་ཏུ་སྐྱེ། །ཆུང་བ་སྤྲིན་གྱི་དཔལ་འཛིན་བྱ་བར་སྐྱེ། །སྲས་མོ་ལེགས་མཛེས་མིང་ཅན་བུ་མོ་དེ། །ཨུ་རྒྱན་ཡུལ་དུ་ར་ཛ་བདེ་ཞེས་བྱ། །མིང་ཅན་དེ་ཡི་སྲས་སུ་སྐྱེས་ནས་ནི། །ས་ཏ་ས་ཏ་ཆེན་པོ་བྱ་བ་ཡི། །རྒྱལ་སྲིད་འཁོར་ལོ་ཆེན་པོ་འཛིན་པར་འགྱུར། །བློན་པོ་ཆེན་པོ་ཟླ་བ་བཟང་པོ་ནི། །མནན་ནེ་ཞེས་བྱའི་ཡུལ་ཕྱོགས་དག་པ་རུ། །རྒྱལ་བུ་ངན་བཀའ་བཟང་པོའི་སྲས་སུ་སྐྱེ། །བསོད་ནམས་མཐར་ཕྱིན་དྲི་མེད་ཀུན་ལྡན་གྱིས། །དགེ་བའི་སྲོལ་བཏོད་བཟང་པོའི་འབྲས་བུ་ཡིས། །ཡབ་ཡུམ་བློན་འབངས་སྲས་བཅས་བདེ་ལ་བཀོད། །སངས་རྒྱས་མི་ཡུལ་འཁྲུངས་པ་རྒྱལ་བའི་གདུང་། །དེ་ལྟར་ངོ་མཚར་ལྡན་པའི་རྒྱལ་བུ་ཁྱོད། །ས་ལམ་འདི་ནི་རྟག་ཏུ་རྒྱས་གྱུར་ཅིག །ཁྱོད་ནི་ངོ་མཚར་པདྨའི་ལྡུམ་ར་འདི། །ཐབས་ཤེས་ལྡན་པའི་རིག་པའི་རླན་དྲོད་ལ། །དགེ་བའི་འབྲས་བུའི་སྡོང་པོ་འདི་ལྟ་བུ། །ལེགས་པར་སྐྱེས་ནས་ཡོངས་སུ་རྫོགས་པའི་ཚེ རྣམ་བཀྲའི་མེ་ཏོག་ཡོན་ཏན་དུ་མ་བཀྲ། །ལྷུན་པོ་མཛེས་པའི་ཟེའུ་འབྲུ་དྲི་མ་མེད། །ཕྱི་མའི་བདེ་ཐོབ་འདིར་ནི་གྲགས་པའི་སྒྲས། །ས་སྟེང་མ་ལུས་ཁྱབ་པའི་འབྲུག་སྒྲ་ཅན། །མིང་ཅན་དྲི་མ་མེད་པ་རྒྱས་གྱུར་ཅིག །བདག་ཀྱང་ལྷ་ཡི་ཚེ་ལས་འཕོས་ནས་ནི། །ཁྱེད་ཞབས་མཆོག་ནི་སྤྱི་བོར་ལེན་པར་ཤོག །རྟག་པར་ལུས་ཀྱི་དྲི་མ་ཇི་བཞིན་དུ། །འབད་མེད་རྟག་ཏུ་འགྲོགས་པའི་སྨོན་ལམ་འདེབས། །ཞེས་སྨྲས་ནས་དེ་མ་ཐག་ཏུ་མི་སྣང་བར་གྱུར་ཏོ། །དེ་ནས་མནྡེ་བཟང་མོས་རྒྱལ་བུ་ལ་སྨྲས་པ། དེ་ལྟ་བུའི་ལྷའི་གཟུགས་ལྟ་ན་སྡུག་པ་དེ་མི་སྣང་བར་ཡལ་འགྲོ་བའི་རྒྱུ་ཅི་ལགས་ཞུས་པས། རྒྱལ་བུས་གསུངས་པ། བཟང་མོ་མ་གཡེངས་དར་ཅིག་ཉོན། །ལྡུམ་རའི་མེ་ཏོག་ཧ་ལོ་ཡང༌། །ཅོ་ཀའི་མགྲིན་འགྱུར་ཆག་པའི་དུས། །ཧ་ལོ་མེ་ཏོག་ཡལ་ནས་འགྲོ། སྟོན་དུས་རྩྭ་ཁའི་ཟིལ་བ་དེ། །གོས་སེར་ཤར་བའི་ཚེ་ན་བསྐམ། །ནམ་མཁའི་འཇའ་ཚོན་ལེགས་པོ་ཡང༌། །ཡུད་ལས་མི་སྡོད་ཡལ་ནས་འགྲོ། །ཡུམ་དང་བུ་ཚ་བཅས་པ་འཛོམས་པོ་འདི། །ཨ་ཤོད་ཏ་ཡི་མེ་ཏོག་འདྲ། །ཡུད་ཙམ་བསྡད་ནས་ཡལ་བར་འགྱུར། །འདི་ཉིད་བྱ་བ་ཡུད་ལས་མེད། །གནས་སྐབས་འདི་ཡི་འབྲེལ་བ་ཡང༌། །ཡུད་ལས་མེད་པའི་སེམས་ཉིད་སྐྱོ། །ད་ནི་མི་ཡུལ་འདིར་ཡང་ནི། །ལོ་ནི་བརྒྱ་དང་སུམ་ཅུ་སོང༌། །སྡོད་པའི་ས་ཡང་འགྲོ་བའི་དོན། །བྱེད་པར་སྨོན་ལམ་བཏབ་པ་ཡི། །ང་ཡི་རྒྱལ་ཚབ་ནོར་བུ་འདི། །བུ་ནི་གཞོན་ནུ་གཉིས་ཀྱིས་བཟུང༌། །དང་དུ་ལོང་ལས་གཞན་ཕན་བསྒྲུབས། །ཞེས་གསུངས་ནས། རྒྱལ་སྲིད་རྣམས་སྲས་གཉིས་ལ་ཕུལ། རྒྱལ་པོ་དགའ་བའི་དཔལ་གྱི་བུ་མོ་མཁའ་འགྲོ་མ། མཚོ་རྒྱལ་གྱི་སྤྲུལ་པ་ཡིན་པ་དེས་ཐོག་དྲངས་པའི་བུ་མོ་ལྔ་བརྒྱ་སྲས་གཉིས་ཀྱི་བཙུན་མོར་བཞེས། དགའ་སྟོན་དང་ཁྲི་སྟོན་ཡང་དཔག་ཚད་བཅུ་གཉིས་ཚུན་ལ་རྒྱས་པར་བྱས་སོ། །དེ་ནས་རྒྱལ་བུ་དྲི་མེད་ཀུན་ལྡན་དང༌། བཙུན་མོ་མནྡེ་བཟང་མོ་དང༌། བློན་པོ་ཟླ་བ་བཟང་པོ་དང༌། བློན་པོ་གྲགས་བྱེད་ཀྱི་བུ་དང༌། བློན་པོ་རྒྱལ་འཛིན་དང་བཅས་པ་རྣམས་རི་བོ་ཆེན་པོ་སེངྒྷ་ལར་སྒོམ་དུ་ཕེབས་སོ། །རྒྱལ་སྲིད་ནི་སྲས་ཀྱིས་སྔར་བཞིན་བསྐྱངས་སོ། །དེ་ནས་མི་ལོ་ལྔ་ནས་རྒྱལ་བུ་དྲི་མེད་ཀུན་ལྡན་ཡབ་ཡུམ་གཉིས་མེ་ཏོག་པདྨ་དམར་སེར་གཉིས་སུ་གྱུར་ནས། རྒྱ་གར་ལྷོ་ཕྱོགས་སུ་རླུང་གིས་བསྐྱོད་ནས་སོང་ངོ༌། །དེ་ནས་བློན་པོ་རྣམས་རང་གི་ཡུལ་དུ་ལོག་ནས། རྒྱལ་བུ་ཡབ་ཡུམ་གཉིས་ནི་མྱ་ངན་ལས་འདས་སོ་ཞེས་གྲགས་སོ། །སྲས་གཉིས་ཀྱང་ཤིན་ཏུ་ཡི་རངས་ནས། ཡབ་ཡུམ་གཉིས་ཀྱི་དོན་དུ་རྒྱས་པའི་གསེར་འབུམ་སྟོང་རྩ་གཅིག་བཞེངས་ཏེ་མཐར་བཀྲ་ཤིས་སོ། །རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ལོ་རྒྱུས་དང་བཅས་པ་རྫོགས་སོ།།    །།



Tuesday, January 17, 2012

ཆུ་ཤིང་གི་བསྟན་བཅོས།


༄༅།།ལེགས་པར་བཤད་པ་ཆུའི་བསྟན་བཅོས་ལུགས་གཉིས་རླབས་ཕྲེང་
བརྒྱ་ལྡན་ཞེས་བྱ་བ་བཞུགས་སོ།།


འཇིག་རྟེན་ལུགས་ཀྱི་སརྒ།

༄༅།།མཁྱེན་པའི་གཏིང་མཐའ་མི་མངོན་ཞིང༌།  །ཐུགས་རྗེའི་ཡིད་བཞིན་ནོར་གྱིས་གཏམས།  །མཛད་པའི་རླབས་ཕྲེང་གཡོ་བ་ཅན།  །ཐུབ་དབང་ཆོས་ཀྱི་རྒྱ་མཚོ་རྒྱལ། །རྙོག་བྲལ་དྭངས་པའི་ཆུ་རྒྱུན་གྱིས།  །ལུས་ཅན་གདུང་བ་ཞི་བྱེད་ལྟར།  །ལེགས་བཤད་གསར་པའི་བདུད་རྩི་ཡིས།  །བློ་ལྡན་སྐྱེ་བོ་དབུགས་དབྱུང་བྱ།  །དྲི་བཟང་བསྒོས་པའི་ཆུ་གཙང་དེ།  །མཆོད་ཡོན་ཞབས་བསིལ་བསང་གཏོར་སོགས།  །གང་དུ་བྱས་ཀྱང་ལེགས་པ་ལྟར།  །ལེགས་བཤད་གཏམ་ནི་ཀུན་ལ་མཛེས།  །ལུགས་གཉིས་བླང་དོར་ཤེས་པ་ཡིས།  །གནས་སྐབས་མཐར་ཐུག་དོན་འགྲུབ་སྟེ།  །བརྟག་པ་ཀུན་ལ་མཁས་པ་ཡི།  །དེད་དཔོན་རྒྱ་མཚོར་ཞུགས་པ་བཞིན།  །ཆུ་ཕྲན་བརྒལ་བར་མི་ནུས་དེས།  །རྒྱ་མཚོ་རྐྱལ་གྱིས་ག་ལ་ཆོད།  །ཡ་རབས་ལུགས་ཀྱང་མི་ཤེས་ན།  །ཆོས་ཀྱི་དེ་ཉིད་ཇི་ལྟར་རྟོགས། །གཟུར་གནས་རིག་པར་ལྡན་པ་དེས།  །གཞན་གྱི་ཡོན་ཏན་ལེན་པར་བྱེད།  །སྤང་ལྗོངས་གཙང་མའི་དལ་འགྲོ་མ།  །ལྷུང་ལྷུང་ཟེར་ཞིང་མེ་ཏོག་འཐུ།  །ངན་པས་ཕྱོགས་མཐའ་བསྐོར་ན་ཡང༌།  །སྐྱོན་གྱི་རིགས་རྣམས་སྡུད་པར་བྱེད།  །ངམ་གྲོག་ས་རལ་ཅན་གྱི་ཆུས།  །འདམ་གྱི་སྙིགས་མ་འདྲེན་དང་མཚུངས།  །ཡོན་ཏན་དང་པོར་སློབ་དཀའ་ལ།  །ཤེས་བཞིན་མེད་ན་ཉམས་པ་སླ།  །ཆུ་ཐིགས་བསགས་པས་འགེངས་དཀའ་ཡང༌།  །བོ་ན་ཅིག་ཅར་ཉིད་དུ་འཛད།  །དཀའ་སྤྱད་ཁུར་དུ་འཁྱེར་ནུས་ན།  །བྱ་བ་གང་ཡང་དཀའ་བ་མེད།  །ཆུ་ཡི་ནང་དུ་ཞུགས་པ་དེར།  །ཆར་གྱིས་ལྷག་པར་གནོད་མི་འགྱུར།  །རྒྱུན་ཆགས་བརྩོན་པ་མ་བཏང་བར།  །བགས་ཀྱིས་བསྒྲུབས་ན་ཅི་ཡང་འགྲུབ།  །ཆུ་བོ་དལ་གྱིས་འབབ་པ་ཡིས།  །ཡངས་པའི་ས་ཆེན་བསྐོར་ནས་འགྲོ།  །བྱ་བ་ཆེན་པོ་ཡུན་གྱིས་བསྒྲུབ།  །ངང་ཐུང་འབད་པས་མཐར་མི་ཕྱིན།། ཀླུང་ཆེན་དལ་ཡང་རིང་འགྲོ་ལ།  །རྦ་རླབས་དྲག་ཀྱང་ཆེར་མི་འགྲོ།  །བྱ་བ་ཉམས་ཀྱིས་མི་ལྕོགས་ན།  །གཞན་གྱིས་རྦད་ཀྱང་བྱར་མི་རུང༌།  །རྐྱལ་མི་ཤེས་ན་གཞན་དག་གིས། །བསྐུལ་ཡང་ཆུ་ནང་ཅི་ཕྱིར་མཆོང༌།  །ཆུ་བོ་ཐུན་མོང་མཆོད་ཡོན་ཏེ།  །ཉི་ཟླ་ཐུན་མོང་སྒྲོན་མེ་གསལ།  །དམ་པ་ཐུན་མོང་གཙུག་རྒྱན་དང༌།  །དམ་ཆོས་ཐུན་མོང་བདུད་རྩི་ཡིན། །དར་ཆེན་གྲུ་གཟིངས་རྒྱ་མཚོའི་རྒྱན།  །སྤྲིན་བྲལ་ཟླ་བ་ནམ་མཁའི་རྒྱན།  །མཁས་པའི་སྐྱེ་བོ་བསྟན་པའི་རྒྱན།  །རུ་འདྲེན་དཔའ་བོ་དཔུང་གི་རྒྱན།  །ཡ་རབས་མཛངས་སྤྱོད་དཔོན་དང་འབངས།  །ཕན་ཚུན་ལེགས་ཚོགས་གོང་དུ་སྤེལ། །རྒྱ་མཚོ་ཆེ་དང་ཆུ་བོ་རྣམས།  །རེས་མོས་ཚུལ་གྱིས་གྲོགས་སུ་འགྱུར།  །རྗེ་བོ་ངན་དང་གཡོག་ངན་པ།  །གཉིས་ཀས་གཉིས་ཀ་རྒུད་བྱེད་དེ།  །རྫ་གསར་ནང་དུ་ཆུ་བླུག་ན།  །གཉིས་ཀ་ཆུད་ཟོས་བརླག་པར་འགྱུར།  །ཤེས་རློམ་དབང་ཅན་མང་བ་ཡིས།  །ཡུལ་ཁམས་མདུན་གྲོས་འཇིག་འགྱུར་ཏེ།  །གཡས་གཡོན་ཀུན་ནས་ཆུ་འབུར་བའི།  །ས་ལ་མཁར་ཁྱིམ་བརྟེན་མི་སྲིད།  །རྗེ་འབངས་མཐུན་ན་དགྲ་སྡེ་ཡིས།  །ཐུབ་དཀའ་སོ་སོར་གྱེས་ན་མིན།  །རྟ་ཡིས་བརྒལ་དཀའི་ཆུ་བོ་ཡང༌།  །མང་དུ་གྱེས་ན་ལུག་ཀྱང་བགྲོད།  །ཆོས་ལྡན་རྒྱལ་པོས་ཁྲལ་བསྡུས་ཀྱང༌།  །དེ་ཉིད་ཀྱིས་ནི་འབངས་རྣམས་སྐྱོང༌།  །སྤྲིན་ཆེན་རྒྱ་མཚོའི་ཆུ་དྲངས་ཏེ།  །དལ་གྱིས་འབེབས་པས་འཛིན་མ་སྐྱོང༌།  །རྒྱལ་ངན་འབངས་ཀྱི་ཟས་ནོར་ཀུན།  །ཕྲོགས་ཀྱང་ད་དུང་ལྟོགས་ཤིང་བཀྲེན།  །རྒོད་མ་ཁ་ཡིས་རྒྱ་མཚོའི་ཆུ། །འཐུངས་ཀྱིན་རྟག་ཏུ་འབར་དང་མཚུངས།  །གཙོ་བོ་ངན་པ་རྟག་བཀུར་ཡང༌།  །གསུག་དང་བྲལ་བ་ཙམ་གྱིས་སྡང༌།  །ཆུ་བོ་ཉིན་ཞག་མང་བསྐོལ་ཀྱང༌།  །མེ་དང་བྲལ་བའི་མོད་ལ་གྲང༌།  །ཁེངས་དྲེགས་གདུག་རྩུབ་ཆེ་བ་ཡི། །དཔོན་ལ་སུ་ཡང་བརྟེན་མི་སྤྲོ།  །ཤིན་ཏུ་འཁྲུགས་པའི་རྦ་ཀློང་དུ།  །ཉ་ལ་སོགས་ཀྱང་སྡོད་མི་བྱེད།  །བརྩེ་ཞིང་ཕན་གདགས་ནུས་པ་དེར།  །སྐྱེ་བོ་ཐམས་ཅད་ངང་གིས་འདུ། །ཡིད་བཞིན་གྱི་ནི་རྒྱ་མཚོའི་ངོགས།  །འགྲོ་བ་ཀུན་གྱིས་སྟེན་པར་བྱེད།  །ཆེ་མཐོ་བསྟེན་པས་དཔལ་འཐོབ་ཀྱང༌། །དེ་ལས་ལྷག་པའི་འཇིགས་པ་འབྱུང༌། །རྒྱ་མཚོ་རིན་ཆེན་འབྱུང་གནས་དེ། །གདུག་ཅན་ན་ཀྲའི་གྲོང་ཡང་ཡིན། །རྒྱུས་མེད་མི་ལ་གསར་འགྲོགས་ཀྱིས། །ཡིད་བརྟན་བྱེད་པ་ཉམས་པའི་རྒྱུ། །རྒྱལ་སྲས་ངང་པའི་སྡེ་དཔོན་ཡང༌། །མཚོ་གསར་བརྟེན་པས་རྙི་ཡིས་ཟིན། །རྣ་བ་སྲབ་པའི་མཛའ་གཅུགས་དེ། །རིང་མིན་དབྱེན་གྱིས་སོ་སོར་གཏོང༌། །ཆུ་དང་འོ་མ་རོ་གཅིག་ཏུ། །འདྲེས་པ་ངང་པའི་མཆུ་ཡིས་འབྱེད། །མཁས་པས་བདེན་རྫུན་བརྟགས་ནས་བྱེད། །བླུན་པོ་གྲགས་པའི་རྗེས་སུ་རྒྱུག  །ཆུ་ནང་ཅལ་གྱི་སྒྲ་བསྒྲགས་པས། །གཅན་གཟན་རི་དྭགས་ཕལ་ཆེར་བྲོས།  །འགྲོགས་ན་ལེགས་སྤྱོད་འཕེལ་འགྲིབ་ལས། །དགེ་དང་སྡིག་པའི་གྲོགས་འགྱུར་ཏེ། །དྭངས་བསིལ་འདྲ་ཡང་ཕན་གནོད་ལས། །སྨན་གྱི་ཆུ་དང་དུག་ཆུར་འཇོག །སྡིག་གྲོགས་གཡེམ་མའི་འཛུམ་དཀར་ལས། །ཤ་ཚའི་གདུག་རྩུབ་ཁྲོ་གཉེར་བཟང༌། །ཐན་ཁྱེར་སྤྲིན་གྱི་མདོག་དཀར་ཡང༌། །ཆུ་ལྡན་སྤྲིན་ནག་ཞིང་པའི་གསོས། །བློ་ལྡན་རང་བཞིན་བཟང་པོ་དེ། །མཆོག་དམན་བར་མ་ཀུན་གྱིས་སྟེན། །འཇུག་ངོགས་བདེ་བའི་རྫིང་བུ་ལ། །སྐྱེ་བོ་ཐམས་ཅད་དགའ་བཞིན་འཇུག  །ཁེངས་དྲེགས་སྤྱོད་པ་རྩིང་བ་ལ། །དོན་མེད་རྣམས་ཀྱང་དགྲ་རུ་ལྡང༌། །རྒྱགས་ཤིང་འཕྱར་བའི་གངྒཱ་མ། །ཛཧྣུ་ཁྲོས་པས་ཧུབ་ཀྱིས་བཏུངས། །ཉམ་ཆུང་སྟེང་དུ་དཔའ་ཐལ་ན། །ཉམ་ངའི་གཡང་དུ་ལྷུང་འགྱུར་ཏེ། །ཆུ་ལ་རྐྱལ་གྱིས་དྲེགས་པའི་ཉ། །སྐམ་ལ་ཡར་ན་འཆི་བར་འགྱུར། །རིགས་ངན་ཅུང་ཟད་འབྱོར་ན་ཡང༌། །རྒྱལ་པོ་ལྟ་བུའི་ཁེངས་དྲེགས་འཛིན། །གཅོང་རོང་དོག་མོའི་ཆུ་ཕྲན་དེ། །འུར་སྒྲ་རྒྱ་མཚོའི་རྦ་ཀློང་འདྲ། །ཡངས་པའི་རྒྱལ་ཁམས་མ་མཐོང་བ། །ས་མཐའི་བླུན་པོ་རང་མཐོང་ཆེ། །ཁྲོན་པའི་ཆུ་ལ་འགྱིངས་པ་ཡི། །རུས་སྦལ་རྒྱ་མཚོའི་གཏམ་གྱིས་ཤི །ཐ་ཤལ་རྣམས་ནི་མགུ་སླ་ཞིང༌། །མགུ་བའི་མོད་ལ་ཁྲེལ་ཡང་སླ། །ཕུ་ཐག་ཐུང་བའི་ཆུ་ཕྲན་དེ། །བྲུབས་དང་བྲི་བ་ཡུད་ཙམ་ཡིན། །མ་རབས་གཅེས་པར་བསྐྱངས་ན་ཡང༌། །དྲིན་དུ་མི་ཚོར་འཁྲུག་པར་བྱེད། །བསིལ་བའི་ཆུ་ཡིས་བྲན་ན་ཡང༌། །རྡོ་ཞུན་ལྷག་པར་ཁོལ་ཞིང་ཚ། །དམ་པ་རྣམས་ལ་གནོད་བྱས་ཀྱང༌། །ཁྲོ་མེད་བཟོད་པས་བདེ་བར་གནས། །བཙོ་ཡི་སྔགས་ཀྱིས་བཏབ་པའི་ཆུ། །ཁོལ་བཞིན་པ་ཡིས་བྲན་ཀྱང་བསིལ། །ཁྲེལ་མེད་རྣམས་ལ་ཕན་བཏགས་ཀྱང༌། །བྱ་བ་ཟིན་ན་བརྗེད་པར་འགྱུར། །ཆུ་བོའི་ཕ་རོལ་བརྒལ་བ་ན། །གྲུ་གཟིངས་ལྟོས་པ་མེད་པར་འདོར། །མི་ངན་རེ་རེའི་བྱེད་པས་ཀྱང༌། །ཡུལ་ཁམས་ཆེན་པོ་འཕུང་བར་བྱེད། །དྲང་སྲོང་གདུག་པ་མཆོངས་པ་ཡིས། །སི་ཏཱ་ཚལ་བརྒྱར་གྱེས་ཞེས་གྲགས། །དམུ་རྒོད་སྐྱེ་བོས་སུན་ཕྱུང་རྣམས། །དམ་པ་ལ་ཡང་ཡིད་མི་ཆེས། །ཆུ་ཟླས་བསླུས་བྱས་ངང་པ་ཡིས། །ཉིན་མོའང་པད་རྩ་ཟ་མི་བྱེད། །སྐྱེ་བོ་ངན་པ་བཅོས་ན་ཡང༌། །རྐྱེན་དང་འཕྲད་ཚེ་རང་མཚང་སྟོན། །ཆུ་ཀླུང་འོལ་ཁ་བསྒྱུར་བ་དེ། །བྲུབས་ཚེ་སྔར་གྱི་ལམ་དུ་འགྲོ། །དམ་པ་མཐོ་དམན་འབྱོར་རྒུད་སོགས། །ཅིས་ཀྱང་རང་བཞིན་མི་འགྱུར་ཏེ། །ཆུ་བོ་བསིལ་ལམ་ཚ་ན་ཡང༌། །རླན་གྱི་རང་བཞིན་ག་ལ་འདོར། །མི་བསྲུན་སྐྱེ་བོ་གདམས་པ་ལས། །ནན་ཏུར་ལས་ཀྱིས་གདུལ་བར་སླ། །གོས་ཀྱི་དྲི་མ་འཁྲུད་པ་ལ། །གཙང་མའི་ཆུ་ལས་འགྱུར་བྱེད་བཟང༌། །ལུས་ཅན་ནང་གི་སྐྱོན་ཡོན་རྣམས། །ཕྱི་རོལ་སྤྱོད་པས་མཚོན་ནུས་ཏེ། །ཆུ་སྐྱར་ལྡིང་བས་ཆུ་བོ་དང༌། །དུ་བ་ལས་ནི་མེར་ཤེས་བཞིན། །གཞན་གྱི་སྐྱོན་ཡོན་མཐོང་སླ་ཡང༌། །རང་གི་སྤྱོད་ཚུལ་མཐོང་བར་དཀའ། །མཚོ་ནང་ནམ་མཁའི་ཟླ་སྐར་ཀུན། །གསལ་ཡང་རང་གི་གཏིང་མི་མཐོང༌། །བསམ་ངན་གཡོ་སྒྱུའི་བྱ་བ་ནི། །ལམ་རྒྱུག་འདྲ་ཡང་ཕུགས་སུ་འཕུང༌། །ཆུ་ཀླུང་གྱ་གྱུར་བགྲོད་པ་ཡང༌། །བབས་ཀྱིས་ཐུར་ནས་ཐུར་དུ་འགྲོ། །རིགས་རྒྱུད་ཟད་འདོད་བུ་ངན་སྐྱེ། །བསོད་ནམས་ཟད་འདོད་བསམ་ངན་འཆར། །རང་ཉིད་བརླག་འདོད་རིག་པ་རྒོད། །ཆུ་མིག་སྐམ་འདོད་སྙིགས་མ་མང༌། །བླུན་པོས་ངལ་བརྒྱས་བསྒྲུབས་ན་ཡང༌། །གྲགས་པ་བློ་ལྡན་གཞན་གྱིས་འཁྱེར། །རི་ལས་སྐྱེས་པའི་པདྨ་ཡང༌། །བསྐྱེད་པའི་གྲགས་པ་ཆུ་ཡིས་འཐོབ། །ལུང་རྟོགས་ཡོན་ཏན་མི་ལྡན་ཡང༌། །དམ་པར་སྒྲོག་པས་སྐྱེ་བོ་བསླུ། །སྦྲང་ཆར་བཅུད་དང་བྲལ་བ་ཡི། །ཐན་ཁྱེར་སྤྲིན་གྱི་འབྲུག་སྒྲ་བཞིན། །སྙིགས་དུས་རང་བྱུང་ཀུན་མཁྱེན་རྣམས། །སྦྱངས་ཚེ་ཕལ་བ་ལས་ཀྱང་རྟུལ། །རང་བྱུང་ཆུ་ཚན་སྔར་ཚ་ཡང༌། །བསྐོལ་ན་ཆུ་གྲང་རྗེས་སུ་ཁོལ། །དྲེད་པོ་ཁ་ཡིས་ཆོས་བཤད་མཁན། །ཤེས་རྒྱུད་གདོལ་བ་ལས་ཀྱང་ཐུ། །དགུན་དུས་རླངས་པ་ན་བུན་བཞིན། །འཐིབས་པའི་ཀློང་དེ་ལྷག་པར་གྲང༌། །དམ་པའི་སྐྱེ་བོ་ཉམ་ཐག་ཀྱང༌། །ཆོས་དང་འགལ་བའི་ལས་མི་བྱེད། །ཆར་སྡོད་བྱེའུ་སྐོམ་ན་ཡང༌། །ས་ལ་བབས་པའི་ཆུ་མི་འཐུང༌། །དགེ་སྦྱོར་བརྩོན་པར་འདོད་པ་དང༌། །ལོག་པའི་འཚོ་བ་སྒྲུབ་པ་འགལ། །མེ་ཏོག་སྐྱེད་པར་འདོད་པ་ཡིས། །ཆུ་ཚན་བླུགས་ན་ཕན་འགྱུར་རམ། །ཆེན་པོ་རེ་ཞིག་རྒུད་ན་ཡང༌། །སླད་ནས་གཟི་བྱིན་རྒྱས་པར་འགྱུར། །འཁྱག་པའི་སྦུབས་སུ་ཆུད་པའི་མཚོ། །སོ་ག་རིམ་གྱིས་འཕྱུར་ནས་འོང༌། །བློ་དང་རྩོལ་བ་ཞན་པའི་མིས། །ཕུན་ཚོགས་ཐོབ་ཀྱང་མོད་ལ་འགྲིབ། །རྫིང་ཆུང་ལྟག་ཆུ་ཆད་པ་དེ། །གང་ཡང་མྱུར་དུ་སྐམ་པར་འགྱུར། །ནོར་མེད་མཆོར་དང་ཁ་ཞིམ་འདོད། །གཞུང་ལུགས་མ་སྦྱངས་མཁས་ཁུར་འཛིན། །ཆུ་རྐྱལ་མི་ཤེས་མཚོ་བརྒལ་བ། །བསམ་བཞིན་རང་སྡུག་ཉོས་པ་ཡིན། །མངའ་ཐང་བློ་རྒྱ་སྐྱེད་ཆེས་པས། །བསོད་ནམས་ཚད་ལས་འགོང་མི་རུང༌། །མཚོ་ཆུང་རང་གི་ཁྲོན་པ་ཡི། །ཚད་ལས་རྒྱས་ན་བོ་བར་འགྱུར། །དོན་ཆེན་ཐོག་ཏུ་མ་བབས་པའི། །དུས་ནས་ཐབས་དང་རིམ་གྲོ་བྱ། །ཆུ་ལོན་སྔར་ནས་མ་བརྩིགས་ན། །བྲུབས་ནས་འོལ་ཁ་བསྒྱུར་བ་དཀའ། །དོན་མེད་ལས་ལ་ཕོད་བཙུགས་ནས། །རང་ཉིད་ཉམས་བྱེད་དཔའ་བོ་མིན། །ཆུ་ཡི་ནང་གི་གཟུགས་བརྙན་ལ། །མཆོངས་པས་སེངྒེ་ཤི་དང་འདྲ། །དགྲ་བོ་འདུལ་བར་འདོད་ན་ཡང༌། །སྤྱོད་ཚུལ་དལ་ཞིང་འཇམ་པར་བྱ། །ཆུ་སྐྱར་འཇབ་ཅིང་འགྲོ་བ་ཡིས། །ཉ་ལ་སོགས་པ་འཛིན་ལ་ལྟོས། །གཞན་ཕྱོགས་འབྱོར་པ་ལ་སྡང་བས། །རང་གི་བསོད་ནམས་ཉམས་པར་ཟད། །ཆུ་ཀླུང་དྲག་པོར་མཆོངས་པ་ན། །བདག་ཉིད་འཆི་ཡི་དེར་མི་གནོད། །དེ་བས་དགྲ་ལས་རྒྱལ་འདོད་ན། །ཡོན་ཏན་སྒྲུབ་ལ་འབད་པར་བྱ། །ཆུ་བོ་ཆེ་ལ་བརྒལ་བའི་ཐབས། །ཐང་ནས་གྲུ་གཟིངས་འཆོས་པ་ཡིན། །རང་ལས་བསོད་ནམས་མ་ཉམས་ན། །དགྲ་བོ་ཁོ་ནས་མི་ཐུབ་སྟེ། །ཆུ་མིག་རང་ཉིད་མ་སྐམ་པར། །ས་ཡིས་མནན་ཀྱང་འགོག་མི་ནུས། །དབུལ་ཕྱུག་དར་རྒུད་མཐོ་དམན་ཀུན། །སྔོན་སྤྱོད་ལས་ཀྱི་གོ་རིམ་སྟེ། །ཆུ་ཡི་དཀྱིལ་འཁོར་བསྲུབས་པ་ལས། །རི་གླིང་ཁོར་ཡུག་རིམ་པར་ཆགས། །མཁས་པ་ཕལ་ཆེར་དབུལ་འགྱུར་ལ། །བླུན་པོའི་སྐྱེ་བོ་ནོར་གྱིས་ཕྱུག །རྙོག་མ་ཅན་གྱི་ཆུ་བོ་ལ། །སྦལ་ལྕོང་འབུ་སྲིན་ལྷག་པར་མང༌། །བརྒྱ་ཡི་ནང་ནས་དཔའ་བོ་དང༌། །སྟོང་གི་ནང་ནས་མཁས་པ་སྟེ། །མ་དྲོས་མཚོ་ལས་ཆུ་གསེར་དང༌། །རྒྱ་མཚོ་ཆེ་ལས་ནོར་བུ་འབྱུང༌། །བློ་དང་མི་ལྡན་སྐྱེ་བོ་ཡིས། །འབྱོར་པ་བརྙེད་ཀྱང་སྤྱོད་མི་ཤེས། །ཁྱི་ནི་སྐོམ་ཡང་ཆུ་ཀླུང་ལ། །ཧུབ་ཀྱིས་མི་འཐུང་ལྡག་པར་བྱེད། །རང་གཞན་སུ་ལའང་མི་ཕན་པའི། །ནོར་དེ་མེད་པ་ཉིད་དང་མཚུངས། །ཆུ་མེད་ས་གཞི་རྒྱ་ཆེ་ཡང༌། །མྱ་ངམ་ཐང་ཞེས་ཀུན་གྱིས་འདོར། །ལོངས་སྤྱོད་སྤེལ་བར་འདོད་པས་ཀྱང༌། །ཅུང་ཟད་གཏོང་ཚུལ་ཤེས་དགོས་ཏེ། །ཁྲོན་ཆུ་བཅུས་ན་འཕེལ་འགྱུར་ཞིང༌། །བཞག་ན་སྙིགས་མས་སྐམ་པར་འགྱུར། །བླུན་རྨོངས་འབྱོར་པ་རྒྱ་ཆེ་ཡང༌། །སྡུག་བསྔལ་རྒྱུ་ལས་མ་འདས་ཏེ། །གསེར་རིའི་བར་གྱི་རོལ་མཚོ་རྣམས། །རྟག་ཏུ་མུན་པའི་སྨག་གིས་ནོན། །འབྱོར་ལྡན་བསོད་ནམས་གསོག་དགོས་ཏེ། །བསོད་ནམས་ཉམས་ན་རྒུད་པ་སླ། །ལྗོན་ཤིང་ཡལ་ག་རྒྱ་ཆེ་ཡང༌། །ཆུ་དང་བྲལ་ན་སྐམ་པར་འགྱུར། །བསོད་ནམས་མཐུ་དང་དགེ་བའི་བློ། །ཕན་ཚུན་རྒྱུར་གྱུར་སྐལ་བ་བཟང༌། །ཆུ་ཡིས་ཆར་དང་ཆར་གྱིས་ཆུ། །རྒྱས་བྱེད་རེས་མོས་གྲོགས་སུ་འགྱུར། །ཁ་བཤད་མང་ངམ་ཉུང་ཡང་རུང༌། །དགོས་དོན་ལག་ཏུ་བླངས་ན་གོ  །ཆུ་ཞེང་ཆེ་ཆུང་ཅི་འདྲ་ཡང༌། །ཟབ་དང་མི་ཟབ་བརྒལ་ན་ཤེས། །ལེགས་བྱས་སྲོལ་འབྱེད་མཁས་པ་སྟེ། །དེ་ཡི་རྗེས་སུ་འཇུག་པ་སླ། །ཅང་ཤེས་རྟ་ཡིས་རབ་བཙལ་བའི། །ཕྱི་བཞིན་ཁྱི་ཡང་འབྲང་བར་བྱེད། །མཁས་པ་ཀུན་ལ་སྙོམས་ལྡན་ཞིང༌། །ཕྱོགས་རེའི་མིག་ཅན་ཆགས་སྡང་ཆེ། །བུམ་པ་གང་བ་བཀུར་བར་སླ། །ཕྱེད་ཙམ་གང་བ་ཡོ་འཁྱོམ་མང༌། །བསམ་ཚད་ཁ་རུ་འདོན་པ་དེར། །གཏད་སོ་མེད་ཅེས་ཀུན་གྱིས་བརྙས། །ཤག་ཤག་འབབ་པའི་ཆུ་བོ་ལ། །བྱིས་པ་རྣམས་ཀྱང་རྒལ་བར་བྱེད། །ཁ་ཉུང་བཞིན་འཛུམ་གནད་ཕིགས་པ། །དེ་ལ་ཀུན་གྱིས་བག་ཟོན་བྱེད། །སྒྲ་མེད་མེར་གྱིས་འགྲོ་བ་ཡི། །ཆུ་ཀླུང་གཏིང་མཐའ་དཔོག་པར་དཀའ༌། །ཆུ་ལ་རི་མོར་བྲིས་པ་བཞིན། །སྡིག་སེམས་མོད་ལ་འདོར་བྱ་ཞིང༌། ། དགེ་བའི་དམ་བཅའ་རྡོ་བ་ཡི། །རི་མོ་བཞིན་དུ་བརྟན་པར་བྱེད། །བསམ་པ་བཟང་ན་འཇིག་རྟེན་གྱི། །བྱ་བ་ཀུན་ཀྱང་ཆོས་སུ་འགྲོ། །ཟོ་ཆུན་ལ་བརྟེན་འོབས་ཀྱི་ཆུ། །ཤིན་ཏུ་མཐོ་བའི་རི་རྩེར་འགྲོ། །གཙོ་བོར་ལས་འབྲས་དཀོན་མཆོག་ལ། །བློ་ཕུགས་གཏད་ན་ཅི་བསམ་འགྲུབ། །ལྷ་ཡི་རྒྱལ་པོས་ཆར་ཕབ་ན། །ལོ་ཏོག་ཕུན་སུམ་ཚོགས་པར་འགྱུར། །འཇིག་རྟེན་ཚངས་པའི་རལ་ཀློང་དུ། །འཁྱམས་པའི་སརྒ་མཐར་སོན་ཏེ། །སྒྲིབ་གཉིས་དྲི་མ་འཁྲུད་པའི་ཕྱིར། །དམ་པའི་ཆོས་ཀྱི་ལམ་དུ་འདྲེན། །

ཆོས་ཀྱི་སརྒ།
      ཆུ་རིགས་བདུན་ལས་མཆོག་གྱུར་པའི། །ཆུ་མགོ་གངས་ལ་ཐུག་པ་བཞིན། །ཆོས་ཀྱང་འཁྲུལ་བྲལ་མ་ནོར་བ། །རྒྱལ་བའི་བཀའ་ལས་འབྱུང་བ་དགོས། །དེ་ནས་ཟབ་རྒྱས་ཉམས་ལེན་གྱི།  །ལམ་གསུམ་རིམ་པར་འབབ་པ་ཡི།  །གདམས་ངག་ཚང་ལ་མ་ནོར་བ། །སྐལ་བཟང་རྣམ་སད་མཆོད་ཡོན་ཡིན། །འོན་ཀྱང་དུས་ཀྱི་ཆེར་སྙིགས་ཚེ། །འཇམ་དབྱངས་བླ་མས་གསལ་མཛད་དེ། །རྒྱ་མཚོར་བྱིངས་པའི་རིག་བྱེད་བཞི། །ཉ་ཡི་གཟུགས་ཀྱིས་བཏོན་པ་བཞིན། །འདི་འདྲའི་བསྟན་དང་མཇལ་བཞིན་དུ། །ལྟར་སྣང་ལམ་ལ་སུ་ཞིག་འཇུག༌། །ལྷ་ཡི་ཆུ་བོ་གངྒཱའི་རྩར། །བ་ཚྭའི་ཁྲོན་པ་སུ་ཞིག་རྐོ། །བློ་ཆུང་སྐལ་དམན་ཟབ་ཟབ་ཀྱི། །གྲགས་པས་བསླུས་ནས་ལོག་པར་འགྲོ། །སྨིག་རྒྱུ་ཆུ་རུ་འཁྲུལ་བ་ཡི། །རི་དྭགས་དོན་མེད་སྡུག་བསྔལ་མྱོང༌། །ཆོས་ཀྱི་ལམ་དུ་འཇུག་པ་ལ། །དང་པོར་དགེ་བའི་བཤེས་གཉེན་བསྟེན། །རྒྱ་མཚོར་བགྲོད་འདོད་བྱ་བའི་འགོ །དེད་དཔོན་མཁས་པ་ཚོལ་བ་ཡིན། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །དགེ་ལེགས་རྩ་བ་བླ་མ་སྟེ། །འཛམ་གླིང་རྩི་ཤིངལོ་འབྲས་ཀུན། །མ་དྲོས་མཚོར་གནས་ཀླུ་ཡི་དྲིན། །ང་རྒྱལ་སྤངས་ཏེ་ཞི་དུལ་གྱིས། །དམ་ཆོས་སྣོད་དུ་རུང་བར་བྱ། །ཆུ་བོ་སྒང་དུ་མི་གནས་པར། །དམའ་བའི་གཤོང་དུ་འཁྱིལ་བར་འགྱུར། །ཆོས་ཀུན་ཅིག་ཅར་མི་ཤེས་ཀྱང༌། །ཅི་ཙམ་ཤེས་བཞིན་དོན་དུ་འགྱུར། །ཆུ་ཀླུང་རྫོགས་པར་མ་འཐུངས་ཀྱང༌། །ཅི་ཙམ་བཏུངས་པས་སྐོམ་པ་སེལ། །ཐོས་མང་ཉམས་སུ་མ་བླངས་ན། །རང་གི་རྒྱུད་ལ་མི་ཕན་ཏེ། །ཆུ་ནང་ལོ་བརྒྱར་གནས་པ་ཡི། །རྡོ་བའི་རང་བཞིན་སྐམ་པོར་གནས། །སྟོང་རྐྱལ་གོམ་པའི་རིམ་པ་ཡིས། །རྟག་འཇུ་རེས་འཇུ་མི་འཇུ་ལྟར། །ཐོས་བསམ་སྒོམ་པ་སྒྲ་སྤྱི་ལ། །བརྟེན་པའི་ཚུལ་ཡང་གསུམ་དུ་གསུངས། །མི་ཡི་གྲུ་གཟིངས་རྙེད་དུས་འདིར། །ཐོས་བསམ་སྒོམ་པའི་བ་དན་ལ། །བརྟེན་ནས་སྲིད་མཚོ་བརྒལ་བྱ་ཡི། །གྲུ་འདི་ཕྱི་ནས་རྙེད་པར་དཀའ།   །རིགས་དྲུག་སྐྱེ་སྒོ་མཐའ་ཡས་ཀྱང༌། །དལ་བརྒྱད་ཚང་བ་ཤིན་ཏུ་དཀོན། །ཆུ་བོ་གྲངས་མེད་འབབ་ན་ཡང༌། །ཡན་ལག་བརྒྱད་ལྡན་རེ་རེ་ཙམ། །སྐྱེས་པའི་སྐད་ཅིག་དེ་ཉིད་ནས། །མི་སྡོད་འཆི་བདག་ཁར་ཕྱོགས་ཏེ། །ཆུ་ཀླུང་སྐད་ཅིག་རེ་རེ་ཞིང༌། །ཕྱིར་མི་ལྡོག་པར་རྒྱ་མཚོར་འགྲོ།  །མི་རྟག་སྲིན་པོས་བཟུང་བཞིན་དུ། །སོས་བདེར་སྡོད་པ་ག་ལ་རིགས། །ཆུ་སྲིན་མཆེ་བའི་ཕྲག་གནས་ལ། །བདེ་བའི་གོ་སྐབས་ནམ་ཡང་མེད། །བསྒྲུབས་ཀྱང་ཕ་མཐར་ཕྱིན་མེད་པའི། །འཇིག་རྟེན་བྱ་བ་བཙན་ཆོད་བྱ། །ཆུ་གཉེར་གཅིག་རྗེས་གཅིག་ནོན་ཏེ། །ཅི་ཙམ་བབས་ཀྱང་ཟིན་དུས་མེད། །བློ་རིག་སྟོབས་དང་རྩལ་ཆེ་ཡང༌། །དུས་ཀྱི་ཕོ་ཉས་དབང་མེད་འཆིང༌། །ཆུ་ཆེན་རླབས་ཀྱི་གར་མཁན་མ། །དགུན་དུས་འཁྱག་པའི་སྦུབས་སུ་ཚུད། །སྒོ་གསུམ་མི་དགེའི་སྤྱོད་ཚུལ་འདིས། །ཕྱི་མའི་སྐྱེ་བ་ངན་འགྲོར་ངེས། །རི་བོའི་ཟོམ་ནས་འབབ་པའི་ཆུ། །གཡང་ས་བརྒྱུད་མར་བརྡབ་ཅིང་འཕྱོ། །དེ་ནས་ལོ་གྲངས་བྱེ་བ་བརྒྱར། །བསྲེགས་ཤིང་འཚེད་ཀྱང་འཆི་མི་ནུས། །རྡོ་སོལ་རི་ལ་ཆར་གྱི་རྒྱུན། །བབས་པ་བསྐལ་པའི་བར་དུ་ཁོལ། །འཇིགས་ཆེན་དེ་ལས་སྐྱོབ་པའི་སྐྱབས། །སླུ་མེད་དཀོན་མཆོག་གསུམ་ལས་མེད། །ཆུ་བོའི་རྒྱུན་གྱིས་ཁྱེར་བ་དེ། །སྒྲོལ་བྱེད་མཉན་པ་ཁོ་ནར་ངེས། །མཆོག་གསུམ་བྱིན་རླབས་མཐའ་ཡས་ཀྱང༌། །དད་པ་མེད་ན་ཇི་ལྟར་སྐྱོབ། །རྒྱ་མཚོ་ཆེ་ཡང་ཆར་སྡོད་ཀྱི། །བྱིའུའི་སྐོམ་པ་སེལ་མི་ནུས། །འཁོར་བའི་འདམ་ལས་མ་བརྒལ་བའི། །འཇིག་རྟེན་པ་ལ་བརྟེན་མི་བྱ། །ཆུས་ཁྱེར་ཆུ་ཡིས་ཁྱེར་བ་ལ། །འཇུས་ན་གཉིས་ཀ་བྱིང་བར་འགྱུར། །མཆོག་གསུམ་བསྟེན་ན་དེ་ཡི་ཁྲིམས། །ལས་འབྲས་བླང་དོར་འབད་པ་གཅེས། །དེད་དཔོན་བསྟེན་ཀྱང་གྲུ་གཟིངས་སུ། །མི་སྡོད་དེ་ཉིད་ཇི་ལྟར་སྒྲོལ། །སྣོད་བཅུད་བདེ་སྡུག་སྣང་བ་ཀུན། །འཁྲུལ་མེད་སྔོན་བསགས་ལས་ལས་འབྱུང༌། །ཆུ་ཕོར་གང་ཡང་འགྲོ་བ་བཞིར། །སྣང་ཚུལ་ཐ་དད་འབྱུང་བར་གསུངས། །དགེ་དང་མི་དགེ་ཆུང་ངུ་ནས། །བསགས་པས་ཤེས་རྒྱུད་གང་འགྱུར་ཏེ། །ཆར་གྱི་ཐིགས་པ་བསགས་པས་ཀྱང༌། །མཐའ་ཀླས་ཆུ་ཡི་དཀྱིལ་འཁོར་ཆགས། །གནས་སྐབས་དགེ་བ་ལྟར་སྣང་ཡང༌། །བསྔོ་དང་འདུན་པས་བསླད་པ་མང༌། །མཆོག་ཏུ་མངར་བ་གངྒ྄ཱའི་ཆུ། །རྒྱ་མཚོར་འདྲེས་ན་ཁ་བར་འགྱུར། །རྨོངས་པའི་མུན་ནག་གིས་ལྡོངས་ཤིང༌། །ལས་ཀྱི་ཞགས་པས་བཅིངས་པ་རྣམས། །སྲེད་པའི་ཀླུང་གིས་རབ་དྲངས་ཏེ། །མི་བཟད་སྐྱེ་བའི་རྒྱ་མཚོར་འགྲོ། །འདོད་པ་ལན་ཚྭའི་ཆུ་བོ་ནི། །ཅི་ཙམ་སྤྱད་ཀྱང་མི་ངོམས་པས། །ཆུ་མཚོ་འཁྱགས་པའི་ངང་པ་ལྟར། །སྲིད་ལས་ངེས་འབྱུང་སྐྱོ་ཤས་སྐྱེད། །ལས་ཉོན་ན་ཀྲས་ཡོངས་གང་བ། །སྡུག་བསྔལ་འཁོར་བའི་རྒྱ་མཚོ་ལས། །སྒྲོལ་བྱེད་བསླབ་གསུམ་གྲུ་བོ་ཆེ། །བཟུངས་ནས་ཐར་པའི་གླིང་དུ་གཤེགས། །ཁྱད་པར་ཁས་བླངས་ཚུལ་ཁྲིམས་ནི། །ཉེས་ལྟུང་དྲི་མས་མ་སྦགས་པ། །རྒྱ་མཚོ་རོ་དང་མི་འགྲོགས་ལྟར། །རྟག་ཏུ་དྲན་ཤེས་བརྟན་པོས་སྲུངས། །འོན་ཀྱང་མ་རྒན་སེམས་ཅན་རྣམས། །དོར་ནས་རང་དོན་བྱར་མི་འོས། །རྒྱ་མཚོའི་གླིང་དུ་གཉེན་བཤེས་ཀུན། །འབོར་བ་དེད་དཔོན་སྤྱོད་ཚུལ་མིན། །མཚོར་གནས་གཡོ་དང་མི་ལྡན་པའི། །ཁྱད་པར་གསུམ་ལྡན་ཆུ་ཟླ་ལྟའི། །འགྲོ་ལ་སྙིང་རྗེ་རྣམ་གསུམ་གྱིས། །ཐེག་ཆེན་ལམ་གྱི་སྲོག་རྩ་ཚུགས། །བྱང་ཆུབ་སེམས་ཀྱིས་ཟིན་པའི་དགེ །མི་ཟད་བྱང་ཆེན་རྒྱུར་འགྲོ་སྟེ། །ཛམ་བུའི་འབྲས་བུ་མ་དྲོས་མཚོར། །ལྷུང་བས་གསེར་སྦྱངས་ཁམས་སུ་འགྱུར། །རྒྱལ་སྲས་སྤྱོད་པ་མཐའ་ཀླས་ཀྱང༌། །ཕ་རོལ་ཕྱིན་པ་དྲུག་ཏུ་འདུ། །རི་སུལ་ལ་ལུང་ཆུ་བོ་བརྒྱ། །ཟམ་འོག་གཅིག་ཏུ་འདྲིལ་བ་བཞིན། །རྒྱལ་སྲས་རྣམས་ནི་བདོག་པ་ཀུན། །འབྲས་བཅས་གཏོང་སྟེ་སྦྱིན་པའི་མཆོག །ཆར་གྱིས་རྩི་བཅུད་ལོ་ཏོག་ཀུན། །བསྐྱངས་ཀྱང་ལན་དང་རེ་བ་མེད། །རྣམ་དག་ཁྲིམས་ཀྱིས་ཉེས་ལྟུང་གི །རྙོག་པ་མ་ལུས་དྲུངས་འབྱིན་ཏེ། །ཀེ་ཏ་ཀ་འབྲས་བྱེ་མ་ཡིས། །ཆུ་བོའི་རྙོག་མ་དྭངས་པར་བྱེད། །དགེ་ཚོགས་མ་ལུས་སྲེག་བྱེད་པའི། །ཁོང་ཁྲོའི་དགྲ་འཇོམས་བཟོད་པ་སྟེ། །ཀུན་ཟ་འབར་བའི་མེ་ལྕེ་ནི། །གསོད་བྱེད་གཉེན་པོ་ཆུ་ཡིན་ནོ། །རྟག་གུས་བརྩོན་པ་མ་བཏང་ན། །མི་འགྲུབ་བྱ་བ་ཅི་ཡང་མེད། །ཆུ་ཐིགས་རྟག་ཏུ་འབབ་པ་ཡིས། །བྲག་གི་རི་བོ་འབིགས་ལ་ལྟོས། །བྱིང་རྒོད་སྐྱོན་བྲལ་ཏིང་ངེ་འཛིན། །གསལ་བར་ཡོན་ཏན་ཐམས་ཅད་འཆར། །བཻཌཱུར་མེ་ལོང་ཕྱིས་འདྲ་བའི། །དྭངས་མཚོར་གཟུགས་བརྙན་ཅི་ཡང་གསལ། །དངོས་ཀུན་སྟོང་པར་དམིགས་པ་ཡིས།། འཁོར་བའི་གདུང་བ་ཀུན་སེལ་ཏེ། །ཆུ་ཀླུང་མཐའ་དག་ཨ་གསྟྱས། །ཧུབ་ཀྱིས་གཞལ་བས་བདུད་རྩིར་གྱུར། །ཀླུ་སྒྲུབ་བློ་མཚོ་རྒྱ་ཆེ་བས། །དངོས་པོར་སྨྲ་རྣམས་སྤོབས་པ་འཕྲོག  །རྔམས་གནག་གཏིང་མཐའ་མི་མངོན་པའི། །རྒྱ་མཚོས་བྱིས་པ་སྐྲག་པར་བྱེད། །ཟབ་མོའི་དེ་ཉིད་འབྱེད་པ་ལ། །ཐོག་མར་དགག་བྱ་ངེས་དགོས་ཏེ། །རྒྱ་མཚོར་ནོར་བུ་ལེན་པ་ལ། །འཇིགས་པ་གར་ཡོད་ཤེས་པ་གཅེས། །གདགས་གཞི་ཕུང་སོགས་འདུས་པ་ལ། །ངའོ་སྙམ་དུ་འཁྲུལ་པ་སྟེ། །ཀླུང་ཆེན་གདོད་ནས་བྲུབས་འདྲ་ཡང༌། །ཆུ་ཕྲན་དུ་མ་འདུས་པ་ཡིན། །བཏགས་དོན་རིགས་པས་དཔྱད་པ་ན། །ངོ་བོས་གྲུབ་པ་འགའ་མེད་དེ། །ཆུ་ཀླུང་ཡུར་བ་བརྒྱར་དྲངས་པའི། །ཤུལ་ན་ཟིལ་བ་ཙམ་ཡང་མེད། །སྟོན་པས་ཇི་སྙེད་བཀའ་སྩལ་པ། །སྟོང་དང་རྟེན་འབྱུང་འདིར་འཇུག་སྟེ། །ས་སྟེང་ཆུ་བོ་མ་ལུས་པ། །རྒྱ་མཚོ་ཆེན་པོར་གཞོལ་ཞིང་འབབ། །རང་རྒྱུད་སྨིན་པའི་རྒྱལ་སྲས་ཀྱིས། །བསྡུ་བ་རྣམ་བཞིས་གདུལ་བྱ་སྐྱོང༌། །རྒྱ་མཚོར་འཇུག་མྱོང་དེད་དཔོན་གྱིས། །གཞན་ཡང་འཁྲིད་ནས་ནོར་ལ་སྦྱོར། །རྒྱུ་ཡི་ཐེག་པའི་ལམ་རིང་ཡང༌། །གསང་སྔགས་ཐབས་ཀྱིས་མྱུར་དུ་བགྲོད། །ཐང་དུ་འདྲེན་དཀའི་གྲུ་བོ་ཆེ། །རྒྱ་མཚོར་ཞུགས་ན་ཡུད་ཀྱིས་འགྲོ། །རྡོ་རྗེ་ཅན་གྱིས་ལེགས་གསུངས་པའི། །གསང་སྔགས་ནུས་པ་བསམ་མི་ཁྱབ༌། །གདུང་བ་མ་ཞེས་བོས་པས་ཀྱང༌། །ལྷ་ཡི་ཆུ་བོ་འགུགས་པར་བྱེད། །ཟུང་འཇུག་གདེངས་ཅན་བདག་པོའི་གནས། །རྡོ་རྗེ་ཐེག་པ་རྒྱ་མཚོ་ཆེའི། །འཇུག་ངོགས་བདེ་བའི་འབབ་སྟེགས་ནི། །དབང་བཞིའི་རིན་ཆེན་ཐེམ་སྐས་ཡིན། །འོན་ཀྱང་དངོས་གྲུབ་རྣམ་གཉིས་ཀྱི། །གཞི་རྟེན་དམ་ཚིག་སྡོམ་པ་སྟེ། །རྩ་བ་ཆུ་མཚོ་སྐམ་གྱུར་ན། །རླབས་ཀྱི་འཕྲེང་བ་གང་ལས་འབྱུང༌། །དེ་ཉིད་རིག་པའི་རྣལ་འབྱོར་པ། །འདོད་ལ་སྤྱོད་ཀྱང་ཞེན་པ་མེད། །ཉ་ནི་ཆུ་གཏིང་ཟབ་མོ་ན། །འགྱུ་ཡང་ཆུ་ཡིས་འཚུབ་མི་འགྱུར། །ཆགས་སོགས་ཉོན་མོངས་ཉེས་པ་རྣམས། །ཉོན་མོངས་ལམ་བྱེད་ཉིད་ཀྱིས་འཇོམས། །རྣ་བར་ཆུ་སོན་ཆུས་འབྱིན་ཞིང༌། །མེས་འཚིག་མེ་ཡིས་བརྡུངས་པས་ཞི། །བསྐྱེད་རིམ་ཕྲ་རགས་རྣལ་འབྱོར་གྱིས། །སྐྱེ་ཤི་བར་དོ་གསུམ་སྦྱོང་སྟེ། །སྐལ་ལྡན་ཤིང་རྟའི་མཆོད་ཡོན་གྱིས། །དུག་ཅན་དྲི་མ་འཁྲུད་པ་བཞིན། །དགའ་བཞིའི་ལྷན་སྐྱེས་བདེ་བ་ཆེས། ། སྟོང་བཞིའི་ཡེ་ཤེས་རྒྱས་འགྱུར་ཏེ། །ཆུ་བོ་རྣམ་བཞིའི་རྒྱུན་འབབ་པས། །རྟ་གདོང་མེ་ཆེན་འབར་བར་འགྱུར། །ཕྲ་བ་གཉུག་མའི་རླུང་སེམས་ལས། །སྒྱུ་མ་ལྟ་བུའི་སྐུར་བཞེངས་པ། །དྭངས་པའི་ཆུ་ལས་ཆུ་བུར་དང༌། །དག་པའི་མཁའ་ལས་ཆུ་འཛིན་བཞིན། །རྩ་རྩེའི་ཟིལ་པ་རེ་རེར་ཡང༌། །ཟླ་བའི་གཟུགས་བརྙན་སྣང་བ་བཞིན། །དཔེ་ཡི་རིམ་པ་རེ་རེས་ཀྱང༌། །འཁོར་འདས་ཆོས་ཀུན་མཚོན་པར་ནུས། །འཇིག་རྟེན་ཡ་རབས་སྤྱོད་པ་ནས། །མདོ་སྔགས་ལམ་གྱི་རིམ་པའི་བར། །དཔེར་བྱ་གཅིག་གིས་མཚོན་པ་འདི། །ལེགས་བཤད་འཕྲུལ་གྱི་རྒྱ་མཚོ་ཡིན། །ལོངས་སྤྱོད་འཁོར་ལོའི་ཆུ་གཏེར་ན། །དབྱངས་ལྡན་ངང་མོ་རྣམ་རོལ་པ། །དེ་ཡི་ཁ་ལས་ལེགས་བཤད་ཀྱི། །རྦ་རླབས་འཁྲི་ཤིང་ཅི་ཡང་གཡོ། །གང་ཡང་བདག་བློའི་ཆུ་གཏེར་ལས་འཁྲུངས་ལེགས་བཤད་གསར་པའི་ཟླ་བ་ནི། །འཇིག་རྟེན་རྨོངས་པའི་མུན་འཕྲོག་སྙིང་གི་གདུང་སེལ་བསིལ་བའི་རེག་པ་ཅན། །དེ་ཡི་དགེ་བ་ས་གསུམ་རྣམ་དཀར་འོད་ཀྱི་གོས་བཟང་འཛིན་པ་དེ། །སྐྱེ་དགུའི་ལེགས་བྱས་བློ་དང་ལྷན་ཅིག་བསྟན་པའི་ཆུ་གཏེར་རྒྱས་གྱུར་ཅིག། །།ཅེས་ལེགས་པར་བཤད་པ་ཆུའི་ཆུ་བསྟན་བཅོས་ལུགས་གཉིས་རླབས་ཕྲེང་བརྒྱ་ལྡན་ཞེས་བྱ་བ་འདི་ནི།  སྔར་རང་གི་རྒྱུད་ལ་བག་ཆགས་འཇོག་པའི་ཕྱིར་དུ་རྩོམ་པའི་ཁུལ།  དུས་ཚོད་ལ་དཔག་པའི་མདོ་སྔགས་ཀྱི་གཞུང་དུ་བགྲང་རུང་ཙམ་ཁ་ཤས་བྲིས་ཡོད་ནའང༌།  ཤིང་གི་བསྟན་བཅོས་དེ་དར་སོ་ཆེ་ཞིང༌།  མཐོང་བྱེད་མཁན་མང་དུ་འོང་བར་སྣང་བས་དེ་ལ་འགྲེལ་པ་ཞིག་ཀྱང་བྱུང་ན་ལེགས་ཞེས།  པ་རོན་སུ་ཉིད་ཤོག་ནས་བསྔགས་འོས་ཡོན་ཏན་དུ་མའི་རྒྱན་འཕྲེང་འཛིན་པ་ནོམ་ཆི་ཞབས་དྲུང་སྐལ་བཟང་དར་རྒྱས་ཀྱིས་ཡང་ཡང་ནན་གྱིས་བསྐུལ་ཏེ་བྲི་བར་བརྩམ་ཡང༌།  དེའི་ཆོས་ཀྱི་སརྒ་ལམ་རིམ་ལས་ལོགས་སུ་མི་དགོས་ལ།  གཞན་རྣམས་གོ་སླ་བ་འབའ་ཞིག་གཙོར་འདོན་དང༌།  དཔེའང་ཡོངས་གྲགས་མཁས་བླུན་ཐམས་ཅད་ལ་འཆར་བདེ་བ་ཁོ་ནར་སྦྱར་སྟབས་དེ་ལས་གསལ་དུ་གཏོང་རྒྱུ་མེད་པ་ལྟ་བུར་སྣང་ཞིང༌།  ཕྱོགས་མཐུན་གྱི་ཁུངས་དཔལ་མགོན་ཀླུ་སྒྲུབ་ཀྱི་ཤེས་རབ་བརྒྱ་པ།  ཤེས་རབ་སྡོང་བུ། སྐྱེ་བོ་གསོ་ཐིགས་གསུམ་དང༌། ཙ་ན་ཀ་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས། མ་སུ་རཀྵས་བྱས་པའི་ལུགས་ཀྱི་བསྟན་བཅོས། ཉི་མ་སྦས་པས་མཛད་པའི་ཚིགས་སུ་བཅད་པའི་མཛོད། མཆོག་སྲེད་ཀྱི་ཚིགས་བཅད་བརྒྱ་པ། དྲི་མ་མེད་པའི་དྲིས་ལན་རིན་པོ་ཆེའི་ཕྲེང་བ། ས་སྐྱའི་ལེགས་བཤད་རྣམས་དང་གཞན་ཡང་འཕྲིན་ཡིག་བསླབ་བྱ་སོགས་དེ་མཐུན་རྣམས་དྲངས་ཏེ་བཤད་ན་ཚིག་ཚོགས་ཆེས་ལྕི་བར་འགྱུར་བས། འདིར་ལྗོན་ཤིང་ཆུའི་ཁམས་ཀྱིས་རྒྱས་པར་བྱེད་པའི་དཔེ་དང་མཐུན་པར། དེ་ཉིད་དུ་མ་ཚང་བ་འགའ་ཞིག་ཁ་བསྐངས་ནས་ཅུང་ཟད་རྒྱས་སུ་བཏང༌། དེར་མཆོག་དམན་དང་གཙོ་ཕལ་གྱི་རིམ་པས་ཆོས་ཀྱི་སརྒ་སྔོན་དུ་བྱས་ཀྱང༌།  འདིར་གོང་ནས་གོང་དུ་བགྲོད་པའི་རིམ་པས་མཇུག་ཏུ་བྱས་ཏེ་གོ་རིམ་བསྡེབས་པ་སོགས་དོན་འགྲེལ་གྱི་ཚུལ་དུ་བྱས་ནས།  བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་དབེན་གནས་ཡིད་དགའ་ཆོས་འཛིན་དུ་སྦྱར་བའོ།།     །།


༄༅། །ལེགས་པར་བཤད་པ་ཤིང་གི་བསྟན་བཅོས་
ལུགས་གཉིས་ཡལ་འདབ་བརྒྱ་
ལྡན་ཞེས་བྱ་བ་བཞུགས་
སོ།།


ཤིང་གི་བསྟན་བཅོས་ལས་ཆོས་ཀྱི་སརྒ།

༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག  །རིན་ཆེན་སེམས་ཀྱི་རྩ་བ་བརྟན། །རླབས་ཆེན་ཚོགས་གཉིས་ཡལ་ག་རྒྱས། །སྐུ་གསུམ་འབྲས་བཟང་སྙེ་མས་དུད། །སངས་རྒྱས་ལྗོན་པ་དེ་ལ་འདུད། །སྣང་བ་དཔེ་རུ་ཤར་བ་ཡི། །རྣལ་འབྱོར་དེ་ལ་གདམས་ངག་མང༌། །ནགས་ཀླུང་སྟུག་པོའི་དོ་ར་རུ། །ཤིང་ལོའི་ཕུང་པོ་ཟད་པ་མེད། །དཔག་བསམ་ཤིང་ལ་བརྟེན་བྱས་ན། །དགོས་འདོད་ཐམས་ཅད་ཆར་དུ་བསྙིལ། །དེ་བཞིན་བཤེས་གཉེན་དམ་པ་ལ། །བརྟེན་ན་ལེགས་ཚོགས་ལྷུན་གྱིས་འགྲུབ། །བཤེས་ལ་མི་གུས་སྐྱེ་བོ་དེས། །གཞུང་བརྒྱ་ཤེས་ཀྱང་དོན་མི་འགྱུར། །ཤིང་སྐམ་ལོ་བརྒྱར་ཆུར་འཕངས་ཀྱང༌། །ལོ་འདབ་སྐྱེ་བ་སྲིད་ན་མེད། །དད་ལྡན་རང་བཞིན་བཟང་པོ་དེར། །ཚིགས་བཅད་གཅིག་ཙམ་གྱིས་ཀྱང་ཕན། །རྐང་འཐུང་གསར་པའི་མྱུར་གུ་དེ། །ཆུ་ཆར་གཟེགས་མ་ཡིས་ཀྱང་འཕེལ། །ཚེར་མ་ཅན་དང་དུག་ཤིང་གིས། །མི་དགོས་བཞིན་དུ་ས་འདི་གང༌། །མི་ཁོམ་ངན་སོང་སྐྱེ་བ་ནི། །ས་ཡི་རྡུལ་བཞིན་བགྲང་ལས་འདས། །ཙན་དན་ས་མཆོག་ལྗོན་པ་དེ། །འཇིག་རྟེན་འདི་ན་སྲིད་པ་ཙམ། །དལ་འབྱོར་ཚང་བའི་རྟེན་བཟང་ཡང༌། །བརྒྱ་ལམ་ཐོབ་པ་མ་བཀག་ཙམ། །དལ་འབྱོར་སྙིང་པོ་མ་བླང་ན། །དུད་འགྲོའི་རྟེན་དང་གཉིས་སུ་མེད། །ཨ་མྲའི་འབྲས་བུ་མི་སྤྱོད་ན། །ཨེ་རཎྜ་དང་ཁྱད་པར་ཅི། །མདངས་དང་ལོ་འབྲས་མེ་ཏོག་སོགས། །ལྗོན་པ་གཅིག་ཀྱང་དུས་ཀྱིས་འགྱུར། །སྐྱེ་རྒ་ན་དང་འཆི་བ་ཡི། །ཟློས་གར་སྐད་ཅིག་སྐད་ཅིག་བསྒྱུར། །རིང་དུ་འབྲེལ་བའི་ཤིང་ལོ་དེ། །ལན་གཅིག་བྲུལ་བ་སླར་མི་འབྱོར། །མཛའ་བ་ཡུན་རིང་འཁོད་འཁོད་ནས། །ནམ་ཞིག་གཏན་དུ་འབྲལ་བར་འགྱུར། །སྡོང་པོ་གཤགས་གཏུབ་དྲས་པ་ཡིས། །ཤིང་མཁན་མྱུར་དུ་ངལ་བར་འགྱུར། །བསྐལ་པར་དེ་འདྲའི་ལས་བསྒྲུབས་ཀྱང༌། །དམྱལ་སྲུང་རྣམས་ནི་ངལ་བ་མེད། །ཇི་སྲིད་མི་དགེ་མ་ཟད་པ། །དེ་སྲིད་སྡུག་བསྔལ་ཁོར་མོར་མྱོང༌། །དུག་གི་ས་བོན་གནས་ཀྱི་བར། །དུག་ལོ་སྐྱེ་བ་ཆོས་ཉིད་ཡིན། །གང་ཞིག་གསུམ་ལ་སྐྱབས་སོང་བ། །དེ་ལ་སྲིད་ཞིའི་རྒུད་པ་མེད། །ལྗོན་པ་ཆེ་ལ་བརྟེན་པ་དེར། །གཅན་གཟན་གདུག་པས་གཙེ་མི་ནུས། །རྩ་བ་རུལ་བའི་ལྗོན་པ་ལ། །རྟེན་པར་བྱེད་པ་བླུན་པོའི་རྟགས། །རང་ཡང་འཁོར་བར་བྱིང་བ་ལ། །སྐྱབས་སུ་འཛིན་རྣམས་ཀྱེ་མ་འཁྲུལ། །དུག་དང་སྨན་གྱི་མྱུ་གུ་ལས། །འབྲས་བུ་འཆོལ་བ་འགར་ཡང་མེད། །དགེ་དང་མི་དགེ་ལས་ལས་ཀྱང༌། །འབྲས་བུ་གཞན་འབྱུང་གནས་མ་ཡིན། །ཐོག་མེད་དུས་ནས་བསགས་པའི་ལས། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཏ་ལའི་ཤིང་འབྲས་སྟོང་ཕྲག་ལོར། །བསྐམས་ཀྱང་རླན་དང་འཕྲད་ན་སྐྱེ། །ས་བོན་ཆུང་སྨིན་ནྱ་གྲོ་དྷའི། །ཡལ་འདབ་རྒྱས་པས་རྒྱང་གྲགས་ཁེབས། །ཁམ་གཅིག་ཟས་ཀྱི་སྦྱིན་པས་ཀྱང༌། །འབྲས་བུ་འཁོར་ལོས་སྒྱུར་བ་འཐོབ། །རྣམ་བཀྲ་སྲིད་པའི་འཁོར་ལོ་འདིར། །དོན་ལྡན་སྙིང་པོ་འགའ་མ་མཆིས། །ཆུ་ཤིང་རློན་པའི་སྡོང་པོ་ལ། །རྩེ་གཏིང་ཀུན་ན་སྙིང་པོ་མེད། །ལྗོན་ཤིང་ལོ་བརྒྱར་སྐྱེས་པ་ཡང༌། །ནམ་ཞིག་ཚེ་ན་འགྱེལ་བར་འགྱུར། །སྲིད་པའི་རྩེ་མོར་ཕྱིན་ནས་ནི། །སླར་ཡང་མི་བཟད་ངན་འགྲོར་འགྲོ། །བུར་ཤིང་ཁུ་བས་རབ་བསྒོས་ན། །ཏིག་ཏའི་ཁ་བ་སེལ་བར་ནུས། །ལམ་གྱི་བདེན་པ་རབ་གོམས་པས། །སྡུག་བསྔལ་རྩ་བ་ཀུན་འབྱུང་སྤོང༌། །ཀ་གདུང་ལྕམ་དང་དྲལ་མ་རྣམས། །ཚོགས་པས་ཡིད་འོང་ལྡིང་ཁང་སྟེ། །ལྷག་པའི་བསླབ་པ་གསུམ་ཚོགས་པས། །ཐར་པ་དམ་པའི་ཁང་བཟང་འགྲུབ། །ཛན་དུའི་ས་བོན་དེའི་ས་བོན། །གཞན་ལས་སྐྱེ་ཕྱིར་ཐོག་མ་མེད། །མཐའ་མེད་འཁོར་བར་སྐྱེས་པ་ན། །ཕ་མར་མ་གྱུར་སུ་ཞིག་ཡོད། །རྟ་གླང་བརྒྱ་ཡི་ཁུར་ལྕི་བ། །ཤིང་རྟ་ཆེན་པོ་གཅིག་གིས་འདྲེན། །ཉན་རང་ཀུན་གྱིས་མ་ལོངས་པའི། །ཁུར་དེ་རྒྱལ་སྲས་ཕྲག་ན་མཛེས། །ཤིང་གཞན་འབྲས་བུ་བླངས་པས་འཛད། །དཔག་བསམ་ཤིང་འབྲས་ཟད་པ་མེད། །དགེ་བ་གཞན་འབྲས་སྤྱད་པས་འཛད། །བྱང་ཆུབ་སེམས་དགེ་ཕྱིར་ཞིང་འཕེལ། །ཡོངས་སྨིན་འབྲས་བུས་སྤ་བ་ཡི། །རྐང་འཐུང་དེ་ལ་སྐྱེ་བོ་འདུ། །འཇུངས་མེད་གཏོང་བའི་དཔལ་ཡོན་ཅན། །དེ་ཡིས་སྐྱེ་དགུའི་རེ་བ་སྐོང༌། །མངོན་པར་མཐོ་དང་ངེས་ལེགས་ཀྱི། །རྩ་བ་ཚུལ་ཁྲིམས་ལས་གཞན་མེད། །ཡལ་འདབ་གཡུར་དུ་ཟ་བ་ཡི། །རྩ་བ་སྡོང་བུ་ཉག་ཅིག་ཡིན། །ཚེར་མ་ཟུག་པའི་ལན་དུ་སླར། །ཁུ་ཚུར་བརྡེག་པ་བཞད་གད་རྒྱུ། །གནོད་བྱེད་ལ་ཡང་སླར་ཁྲོ་བ། །རང་ཉིད་ཉམས་པའི་རྒྱུ་རུ་ཟད། །རྒྱུ་དུས་བརྩོན་པ་མ་བཏང་ན། །འབྲས་དུས་ཡོན་ཏན་ཐམས་ཅད་སྐྱེ། །རྩ་བ་རླན་དང་མ་བྲལ་ན། །རྩེ་མོར་ལོ་འབྲས་སྨིན་པར་འགྱུར། །སྡོང་པོ་རླུང་གིས་ཆེར་བསྐྱོད་ན། །འབྲས་བུ་ས་ལ་འབྲུལ་བ་ལྟར། །བྱིང་རྒོད་གཡེང་བས་རབ་གཡོས་པས། །ཏིང་འཛིན་དམིགས་པ་སྟོར་བར་བྱེད། །བསམ་གཏན་རྣམ་པར་དག་པ་ལས། །མངོན་ཤེས་ལ་སོགས་ཡོན་ཏན་འབྱུང༌། །སྡོང་བུ་ཉམས་པ་མེད་གྱུར་ན། །མེ་ཏོག་གེ་སར་མགོ་ལྕོག་ལྡེམ། །ཤིང་གི་རལ་གྲི་གཡུལ་གྱི་ངོར། །འཕྱར་བ་དགྲ་ཡི་དགའ་སྟོན་ཡིན། །ལྟར་སྣང་ཉི་ཚེའི་ལྟ་བ་ཡིས། །སྲིད་རྩ་གཅོད་འདོད་ཀྱེ་ཧུད་མཚར། །ཧ་རི་ཙན་དན་བཟང་པོ་ཡིས། །ལུས་ཀྱི་ཚ་གདུང་སེལ་བར་བྱེད། །སྙིང་རྗེའི་བཅུད་ལྡན་ལྟ་བ་ཡིས། །དུག་གསུམ་ནད་བརྒྱ་དྲུངས་ནས་འབྱིན། །ཤིང་ལས་སྐྱེས་པའི་སྲིན་བུ་ཡིས། །ཤིང་དེ་ཟད་པར་བྱེད་པ་བཞིན། །འདོད་ཆགས་ལས་སྐྱེས་ཡེ་ཤེས་ཀྱིས། །འདོད་ཆགས་ཉེས་པ་ཞི་བར་བྱེད། །ཤིང་སྐྱ་རླན་གྱིས་ཟིན་པ་ལས། །བཻཌཱུར་མདངས་སུ་འཕོ་བ་ལྟར། །ཐ་མལ་སྣང་བ་འོད་གསལ་གྱིས། །སྦྱངས་ཏེ་དག་པའི་ལྷ་སྐུར་ལྡང༌། །ཡལ་འདབ་ཡོངས་སུ་རྫོགས་པ་ཡི། །ལྗོན་པའི་གྲིབ་མ་ཀུན་ཏུ་བསིལ། །ཡོན་ཏན་མ་ལུས་རྫོགས་པ་ཡི། །རྒྱལ་བ་སྐྱེ་དགུའི་མགོན་དུ་གྱུར། །དེ་ལྟར་ཤིང་གི་བསྟན་བཅོས་ལས། །ཆོས་ཀྱི་ལམ་བསྟན་སརྒ་སྟེ། །ད་ནི་འཇིག་རྟེན་ཚུལ་ལུགས་འགའ། །བཤད་དོ་རྣ་བ་བླགས་ཏེ་ཉོན། །


འཇིག་རྟེན་ལུགས་ཀྱི་སརྒ།

༄༅། །ཆོས་ལྡན་རྒྱལ་པོའི་གཟི་བྱིན་གྱིས། །དགྲ་སྡེ་རྣམས་ཀྱང་དབང་དུ་འདུ། །མ་ལ་ཡར་སྐྱེས་དྲི་བསུང་དེ། །བུང་བ་འགུགས་པའི་ཕོ་ཉ་ཡིན། །རྒྱལ་ངན་ཆབ་འབངས་གཟིར་བ་དེར། །ནམ་ཞིག་གཡོག་ཀྱང་འཁོར་མི་འགྱུར། །སྲན་ཕུང་དབྱུག་པས་གཏོར་ན་ཡང༌། །དབྱུག་པའི་ངོས་ལ་འབྱར་མི་སྲིད། །བློན་དང་འབངས་ཀྱིས་མ་བཀུར་ན། །རྒྱལ་པོ་ཆེན་པོ་ཇི་ལྟར་གནས། །གདུང་མ་ཀ་བས་མ་བཏེག་ན། །རྒྱལ་པོའི་ཕོ་བྲང་གང་ལས་འབྱུང༌། །རྗེ་དཔོན་བཟང་པོའི་བཀའ་དྲིན་གྱིས། །གཡོག་འཁོར་མངའ་ཐང་དར་བར་འགྱུར། །ལྗོན་པ་ཆེ་ལ་བརྟེན་པ་ཡི། །འཁྲི་ཤིང་རྩེ་མོ་དགུང་ལ་བསྙེགས། །ཚེར་མའི་ཤིང་ལ་བརྟེན་བྱས་ན། །གནད་དུ་ཟུག་པའི་སྡུག་བསྔལ་སྐྱེ། །སྐྱེ་བོ་ངན་ལ་བརྟེན་བྱས་ཀྱང༌། །ཕྱི་ཕྱིར་སྡུག་བསྔལ་འབའ་ཞིག་བསྐྱེད། །ཆབ་འབངས་བདེ་སྐྱིད་རྒྱས་པ་དེ། །རྗེ་དཔོན་ཉིད་ཀྱི་ཆེ་བའི་རྟགས། །རབ་རྒྱས་ཡལ་གའི་ཁྱོན་ཡངས་པ། །སྡོང་པོ་རྩ་བའི་མཛེས་རྒྱན་ཡིན། །གཡོག་འཁོར་རྒུད་པའི་སྡེ་དཔོན་དེ། །རང་ཉིད་འབྱོར་ཡང་ངོ་ཚའི་རྒྱུ། །སྡོང་པོ་ཅི་ཙམ་སྦོམ་ན་ཡང༌། །ཡལ་འདབ་མེད་ན་གཅེར་བུ་ཡིན། །སྡོང་རུལ་རྩ་བར་གནས་པའི་མི། །ཉིན་མཚན་ཀུན་ཏུ་བག་ཕེབས་བྲལ། །གཙོ་བོ་ངན་པའི་གཡོག་འཁོར་ཡང༌། །རྟག་ཏུ་སེམས་ཁྲལ་གདུང་བས་གཟིར། །དཔོན་ངན་གཡོག་འཁོར་འབྲོས་ན་ཡང༌། །སྡེ་དཔོན་བཟང་པོས་བསྐྲད་ཀྱང་འདུ། །ཚེར་ཤིང་འབོར་བའི་བྷྲ་མ་ར། །ཙཱུ་ཏའི་ཤིང་ལས་བསྐྲད་ཀྱང་འཁོར། །རྗེ་དཔོན་གསར་ཚེ་བྱམས་བྱེད་ཀྱང༌། །ཕྱི་ནས་བསྒྲུབ་དཀའི་དཔྱ་ཁྲལ་འབེབས། །ཤིང་ལ་ཆར་སྐྱོབ་བྱེད་མོད་ཀྱང༌། །རྗེས་སུ་ཐིགས་འཕྲེང་ལྕི་བར་འབབ། །ལྗོན་པའི་གྲིབ་བསིལ་ཀུན་ལ་སྙོམས། །ཉི་ཟླའི་སྣང་བ་ཀུན་ལ་སྙོམས། །སྤྲིན་གྱི་ཆུ་ཆར་ཀུན་ལ་སྙོམས། །རྒྱལ་པོའི་བཀའ་ཁྲིམས་ཀུན་ལ་སྙོམས། །གཙོ་བོ་བཟང་ཡང་འཁོར་ངན་ན། །དེ་ཡི་དྲུང་དུ་བསྙེན་པར་དཀའ། །གདུག་པའི་སྦྲུལ་གྱིས་དཀྲིས་པ་ཡི། །ཙན་དན་ལྗོན་པ་སུ་ཡིས་སྟེན། །ཕྱི་ནང་སྨིན་དང་མ་སྨིན་པའི། །ཨ་མྲའི་འབྲས་བུ་རིགས་བཞིར་གསུངས། །མི་ཡང་སེམས་དང་སྤྱོད་པ་གཉིས། །དག་དང་མ་དག་དབྱེ་བ་མང༌། །མཁས་པ་ཡོན་ཏན་ཀུན་ལྡན་དེ། །རློམ་སེམས་མེད་པར་ཞི་ཞིང་དུལ། །སྙེ་མའི་ཁུར་གྱིས་ལྗིད་པ་ཡི། །ལྗོན་ཤིང་རྩེ་མོ་དུད་དེ་གནས། །ཡོན་ཏན་མེད་པའི་སྐྱེ་བོ་དེ། །ང་རྒྱལ་མགོ་འཕང་ཅི་ལས་མཐོ། །འབྲས་བུའི་བཅུད་ཀྱིས་མ་བཟུང་བའི། །ལྗོན་པ་རེངས་པ་ཆོས་ཉིད་ཡིན། །ལྷན་སྐྱེས་ཡོན་ཏན་མེད་གྱུར་ན། །ཕྱི་ཚུལ་བཅོས་པས་ཅི་ལ་ཕན། །ཡལ་འདབ་མེད་པའི་ཤིང་སྐམ་དེར། །ཅོད་པན་བཏགས་ཀྱང་ག་ལ་མཛེས། །བསླབ་སྦྱང་དུས་ན་གཡེལ་བ་དེས། །མཁས་འདོད་རེ་བ་འབྲས་མེད་ཡིན། །མེ་ཏོག་སད་ཀྱིས་ཁྱེར་བ་ཡི། །ཤིང་ལ་འབྲས་བུའི་རེ་བ་མེད། །བློ་གྲོས་རྩལ་དང་མི་ལྡན་ན། །གོ་ས་མཐོ་ཡང་ཁྲེལ་བའི་གཞི། ། ཤིང་ལས་བྱས་པའི་སེངྒེ་དེ། །འཇིགས་འཇིགས་འདྲ་ཡང་སྙིང་པོ་མེད། །དྲི་ཞིམ་བསུང་དང་མི་ལྡན་ན། །ཙན་དན་ཡིན་ཞེས་སྨྲས་ཀྱང་རྫུན། །དམ་པའི་ཚུལ་དང་མི་མཐུན་ན། །དམ་པར་ཁས་འཆེ་དོན་དང་བྲལ། །དམན་པ་རྒྱལ་སར་བཏོན་ན་ཡང༌། །མ་རབས་སྤྱོད་པའི་རྗེས་སུ་འཇུག །ཆུ་ཤིང་གྱེན་དུ་སྐྱེས་ན་ཡང༌། །འདབ་མ་ཐུར་དུ་འཕྱང་བར་འགྱུར། །ཨ་གར་དུམ་བུ་བརྒྱར་གཏུབས་ཀྱང༌། །ལྷན་སྐྱེས་དྲི་བཟང་མི་གཏོང་ལྟར། །དམ་པ་ཅི་ཙམ་རྒུད་ན་ཡང༌། །བཟང་པོའི་རང་བཞིན་ག་ལ་འདོར། །ཤུག་པའི་ལོ་མ་མེར་བཅུག་ན། །ལྷག་པར་དྲི་ཞིམ་རྒྱས་པ་བཞིན། །དམ་པ་རྣམས་ལ་གནོད་བྱས་པས། །ཕྱིར་ཞིང་དེ་ཡི་ཆེ་བ་འདོན། །དམ་པ་དབེན་པར་གནས་ན་ཡང༌། །གྲགས་སྙན་ལྷ་ཡིས་སྒྲོག་པར་བྱེད། །ལྷོ་ཡི་རི་ལས་སྐྱེས་པ་ཡི། །ཙན་དན་དྲི་བསུང་རླུང་གིས་འགྱེད། །འཁྱོག་པའི་ཤིང་དེ་བསྲངས་ན་ཡང༌། །རླན་དང་འཕྲད་ཚེ་ཡ་ཡོར་འགྱུར། །རང་བཞིན་ངན་པ་བཅོས་ན་ཡང༌། །རྐྱེན་དང་འཕྲད་ཚེ་རང་མཚང་སྟོན། །ཀླད་ཆུང་རང་བཞིན་ངན་པ་ལ། །ཡོན་ཏན་ཡོད་ཀྱང་ཕན་མི་ཐོགས། །རྩ་བ་དུག་ཏུ་གནས་པ་ཡི། །མེ་ཏོག་མཛེས་ཀྱང་སུ་ལ་མཁོ། །ཙན་དན་ཤུག་པའི་ཀ་བ་གཉིས། །གདུང་མ་འདེགས་པའི་ནུས་པ་མཚུངས། །སྙིང་སྟོབས་ལྡན་ན་དབུལ་ཕྱུག་གཉིས། །བྱ་བ་བྱེད་པའི་དུས་སུ་འདྲ། །ལོངས་སྤྱོད་མངའ་ཐང་མཉམ་ན་ཡང༌། །བཟང་ངན་ལས་ལ་སྦྱར་ན་ཤེས། །ཕྲ་སྦོམ་མཉམ་ཡང་ཆུར་འཕངས་ན། །ཤིང་གི་མགོ་མཇུག་ཤེས་པར་ནུས། །མཁས་པའི་སྐྱེ་བོ་ཡུལ་གཞན་དུ། །བྲིན་ཞིང་ཀུན་གྱིས་བཀུར་བར་འགྱུར། །ནགས་སུ་སྐྱེས་པའི་ཤིང་གིས་ནི། །གཞན་དུ་ཤིང་གི་བྱ་བ་བྱེད། །ཤིང་བལ་རླུང་གིས་བདས་པ་དེ། །རི་རྩེར་མི་སྡོད་གཤོང་དུ་ཆགས། །བློ་ཆུང་ཕྱོགས་མཐར་འཁྱམས་འཁྱམས་ནས། །མཐའ་མར་རྒུད་པའི་གནས་སུ་ལྷུང༌། །སྐྱོན་གྱིས་གོས་པ་ཆེས་སླ་སྟེ། །ཡོན་ཏན་སློབ་པ་དེ་ལྟ་མིན། །ཤིང་ལ་མེ་ལྕེ་མཆེད་སླ་ཡང༌། །ཆུ་བོ་སོ་སོར་འགྱེས་པ་དཀའ། །མ་རབས་སྐྱེ་བོ་གཉིས་འགྲོགས་ན། །ཕུགས་སུ་རང་གཞན་གཉིས་ཀ་འཕུང༌། །གཙུབ་ཤིང་ཟུང་དུ་བརྡར་བ་ཡིས། །མཇུག་ཏུ་གཉིས་ཀ་སྲེག་པར་བྱེད། །ཕུན་སུམ་ཚོགས་པའི་ལྗོན་པ་ཡང༌། །ཆུ་དང་འགྲོགས་ན་རྩ་བ་འབྱིན། །ཡ་རབས་ཡོན་ཏན་ལྡན་པ་ཡང༌། །གྲོགས་པོ་ངན་པས་ཉམས་པར་བྱེད། །འབྲས་ལྡན་ཤིང་གཉིས་སྦྱར་བ་ལས། །འབྲས་བུ་ཕུང་གསུམ་འབྱུང་བ་ལྟར། །བློ་དང་ལྡན་པ་གཉིས་འགྲོགས་ན། །སྔོན་མེད་ལེགས་པའི་བློ་གྲོས་སྐྱེ། །ལྗོན་པའི་གྲིབ་བསིལ་བསྟེན་པ་ཡི། །གླང་པོས་ཤིང་གི་རྩ་བ་འབྱིན། །གཡོག་འཁོར་ངན་པ་བསྟེན་པ་ཡིས། །ལེགས་བྱས་རྩ་བ་ཉམས་པར་བྱེད། །ཤིང་སྡོང་གཙུག་གིས་བཀུར་བ་ཡི། །འདབ་ཆགས་འགྲོ་ཚེ་བྱ་ཐལ་གཏོང༌། །ཟླ་གྲོགས་ངན་པ་བསྟེན་ན་ཡང༌། །ནམ་ཞིག་རྗེས་ངན་བཞག་ནས་འགྲོ། །ངན་པར་ཅི་ཙམ་ཕན་བཏགས་ཀྱང༌། །ལན་དུ་ཕན་པའི་རེ་བ་མེད། །ཤིང་གིས་རྟག་ཏུ་མེ་གསོས་ཀྱང༌། །མེ་ཡིས་དེ་ཉིད་ཐལ་བར་བྱེད། །བློ་དང་མཐུ་ལྡན་རེ་རེས་ཀྱང༌། །མཆོག་དམན་ཀུན་གྱི་དགོས་པ་བསྒྲུབ། །འོད་མའི་གནམ་རུ་གཅིག་གིས་ཀྱང༌། །ཉན་ཕྲག་སྟོང་གི་བྱ་བ་བྱེད། །ལོངས་སྤྱོད་དཔལ་དང་མི་ལྡན་ན། །རིགས་རུས་མཐོ་ཡང་དགོས་པ་ཆུང༌། །དགོས་པའི་གྲིབ་བསིལ་མེད་གྱུར་ཚེ། །རྩེ་མོ་མཐོ་བས་ཅི་ལ་ཕན། །རྩ་བ་བསོད་ནམས་མེད་གྱུར་ན། །བསགས་པས་དབུལ་བ་མི་སེལ་ཏེ། །སྡོང་པོ་རླན་དང་བྲལ་བ་ལ། །ཡལ་གར་ཆུ་ཡིས་བྱུགས་ཀྱང་ཅི། །བུན་དང་བསྐྱེད་ཀྱིས་ནོར་སྤེལ་བར། །འདོད་ཀྱང་རྩ་བ་སྟོར་བ་མང༌། །ཤིང་སྐྱེས་བཅད་ནས་ས་གཞན་དུ། །བཙུགས་པ་ཕལ་ཆེར་སྐམ་པར་འགྱུར། །གཡང་ས་མཐོན་པོར་སྐྱེས་པ་ཡི། །ས་ཧ་ཀཱ་རའི་འབྲས་བུ་བཞིན། །རང་གཞན་སུ་ལའང་མི་ཕན་པའི། །ལོངས་སྤྱོད་ཆེ་དེ་སྦ་བ་ཡིན། །ལོངས་སྤྱོད་སྤེལ་བར་འདོད་པ་ཡིས། །ཆ་ཤས་གཏོང་བ་མན་ངག་སྟེ། །ལྗོན་ཤིང་ཡལ་ག་རྒྱས་འདོད་ན། །རྩེ་མོ་འདྲེག་པ་ཐབས་སུ་བཟང༌། །དམན་པས་བསགས་ཀྱང་མི་འགྲུབ་ལ། །བསོད་ནམས་ལྡན་པས་བཏང་ཡང་འབྱོར། །རླན་སར་བཅད་ཀྱང་སྐྱེ་བའི་ཤིང༌། །སྐམ་སར་བཙུགས་ཀྱང་ག་ལ་སྐྱེ། །ལམ་ཁའི་ཤིང་གི་འབྲས་བུ་དེ། །བྱིས་པའི་རྡོ་ཆར་འབེབས་པའི་རྒྱུ། །བདག་པོ་ངན་པའི་ལོངས་སྤྱོད་ཀྱང༌། །ཕལ་ཆེར་དགྲ་ཡི་གཡབ་མོ་ཡིན། །བསོད་ནམས་དམན་པའི་སྐྱེས་བུ་དེར། །དཔལ་འབྱོར་བྱུང་ན་སྲོག་ཀྱང་བརླག  །སྨྱིག་མའི་ཤིང་གི་རྩེ་མོ་ལ། །འབྲས་བུ་ཆགས་པ་ཉམས་པའི་ལྟས། །བུར་ཤིང་གཅོད་པ་རོ་ཡི་ཕྱིར། །ཝ་སྐྱེས་གསོད་པ་པགས་པའི་སླད། །དོན་མཐུན་འཇོམས་པ་ནོར་གྱི་དོན། །རྒྱལ་པོར་རྒོལ་བ་འབངས་ཀྱི་ཆེད། །ཤིང་ལ་ཐོག་མར་ཐིག་འདེབས་ཀྱི། །དྲས་ཤིང་གཏུབས་ནས་བསྒྱུར་དུ་མེད། །བྱ་བའི་ཐོག་མར་བསམ་དགོས་ཀྱི། །རྗེས་ནས་གྱོད་བརྡལ་བླུན་པོའི་རྟགས། །སྟབས་ལེགས་ཙམ་གྱིས་དོན་གྲུབ་ཀྱང༌། །བློ་དང་ལྡན་པ་སུ་ཞིག་རློམ། །ལོ་མ་འཁུམས་ནས་ཉལ་བའི་ཤིང༌། །སེམས་ལྡན་བསྒྲུབས་པ་མུ་སྟེགས་ལུགས། །སྲང་མདོར་ལོ་འདབ་ཉལ་ཉིལ་དུ། །གནས་པའི་ཤིང་དེ་ཀུན་གྱིས་བརྫི། །དོན་མེད་འཆོལ་བའི་གཏམ་མང་བའི། །མི་དེ་ཀུན་ལ་ངོ་ཐང་ཆུང༌། །མི་ངན་བྱས་པ་ཆུང་ན་ཡང༌། །དྲིན་ཆེའི་ཡུས་ཀྱིས་རྣ་བ་འགེངས། །བུད་ཤིང་རློན་པ་མེ་ཆུང་ཡང༌། །དུད་པ་ནག་པོས་ཚང་མང་འགེངས། །ཤིང་ལ་ལན་ཅིག་སྦྲུལ་གནས་དེ། །ཕྱིས་ཀྱང་མཐོང་ཚེ་འཇིགས་པ་ལྟར། །རྐུ་དང་རྫུན་ལ་གཅིག་ཞུགས་པའི། །མི་དེར་རྟག་ཏུ་དོགས་པ་སྐྱེ། །ཚེར་མ་རྣོ་ཡང་བྲག་རི་ལ། །བསྣུན་ན་རྩེ་མོ་འཇིལ་བར་བྱེད། །སྐྱེས་བུ་དམ་པར་ཕྲག་དོག་གིས། །སྨོད་པ་རང་གི་དམའ་འབེབས་ཡིན། །གནས་མིན་ལ་ཡང་དུལ་ཆེས་ན། །སྙིགས་མའི་དུས་འདིར་ཀུན་གྱིས་བརྙས། །ཤིང་བལ་འཇམ་མོ་འཇམ་མོ་ཞེས། །ཀུན་གྱིས་སྟན་དུ་མི་བྱེད་དམ། །ཤིང་སྐྱེས་དྲང་པོ་མཛེས་ན་ཡང༌། །སྒ་ཤིང་འཁྱོག་པོ་ཅི་ལས་བཟང༌། །རང་བཞིན་དྲང་ན་བཟང་མོད་ཀྱང༌། །རེས་འགའ་ལྡེམ་པོར་རྒྱལ་བས་གསུངས། །མདེའུ་མེད་པའི་མདའ་འཕེན་པ། །དགྲ་བོ་སྤྱན་འདྲེན་ཕོ་ཉ་ཡིན། །དགྲ་བོ་འཇོམས་པའི་མཐུ་མེད་ན། །དོན་མེད་དཔའ་སྐད་ཅི་ལ་སྨྲ། །གཉེན་ལ་ཧ་ཅང་བྱམས་པ་ཡང༌། །འཁོན་གྱི་རྒྱུ་རུ་འགྲོ་བ་མང༌། །བུར་ཤིང་མངར་པོ་སྤྱོད་ཆེས་ན། །མ་ཞུས་སྒྲེགས་པ་སྐྱུར་མོ་འབྱུང༌། །ཤིང་དགྲ་སྟ་རེ་ཡིན་མོད་ཀྱང༌། །དེ་ཡི་ཡུ་བ་ཤིང་གིས་བྱེད། །དགྲ་ཡིས་བརྩམས་པའི་ཕུང་ཀྲོལ་ཀྱང༌། །ཕལ་ཆེར་རྩ་བ་གཉེན་གྱིས་བྱེད། །སྡོང་པོ་གཅོད་པའི་ཐབས་ཉེས་ན། །རང་གི་སྟེང་དུ་ལྷུང་བར་འགྱུར། །དགྲ་ལ་ཧ་ཅང་སྡང་བ་ཡང༌། །རང་གི་གཤེད་དུ་འགྲོ་བ་མང༌། །ཤིང་སྐམ་དགུག་པར་མི་ནུས་དེ། །རླན་གྱིས་བསྒོས་ན་ལས་སུ་རུང༌། །དགྲ་བོ་མི་བསྲུན་སེམས་ལྡན་ཡང༌། །ཐབས་ལ་མཁས་ན་འདུལ་བར་ནུས། །ཉི་ཟླས་མི་ཕྱེད་མྱ་ངན་མེད། །ན་ཆུང་རྐང་གདུབ་རེག་པས་འབྱེད། །ལེགས་པར་བཤད་ཀྱང་མི་གོ་བའི། །མ་རབས་ལ་ལ་སྨད་པས་ཐུལ། །ནགས་ན་གནས་རྣམས་ཁང་བཟང་དང༌། །དེར་གནས་སྐྱེད་མོས་ཚལ་ལ་དགའ། །འཚོ་བས་དབུལ་བ་རབ་བྱུང་དང༌། །རྒྱགས་པས་མྱོས་པ་ཁྱིམ་ལ་ཕྱོགས། །ནགས་དེར་སྐྱེས་པའི་སྤྲེའུ་ཡང༌། །འབྲས་བུ་ཟད་ན་གཞན་དུ་འགྲོ། །རྒུད་ཚེ་སྙིང་དུ་སྡུག་པ་ཡི། །བུ་ཡང་གཞན་གྱི་ཕྱོགས་སུ་འབྲོས། །ནགས་ཚལ་ཕུན་སུམ་ཚོགས་པ་དེར། །དོན་མེད་ནམ་མཁའི་བྱ་ཡང་འཁོར། །གང་ན་བདེ་སྐྱིད་འཛོམས་པ་དེར། །མ་བསྡུས་པར་ཡང་སྐྱེ་བོ་འདུ། །ཤིང་གི་འབྲས་བུ་ལེགས་བསྐྱངས་ན། །ལོ་འདབ་ལ་སོགས་ཞར་ལ་འབྱུང༌། །དམ་པའི་ཆོས་ལ་བརྩོན་བྱས་ན། །སྲིད་ཀྱི་དཔལ་ཡང་དེ་ཡིས་འགྲུབ། །དེ་ལྟར་ལུགས་གཉིས་བླང་དོར་ཀུན། །ཤིང་གི་ཁྱད་པར་ཁོ་ན་ཡིས། །མཚོན་བྱེད་གཏམ་གྱི་སྦྱོར་བ་འདི། །སྔོན་མེད་མཁས་པའི་དགའ་སྟོན་ཡིན། །གང་མགྲིན་འོ་མའི་རྒྱ་མཚོ་རུ། །དབྱངས་ལྡན་ངང་མོ་རྣམ་རོལ་པ། །དེ་ཡི་ཁ་ལས་ལེགས་བཤད་ཀྱི། །རྦ་རླབས་འཁྲི་ཤིང་ཅི་ཡང་གཡོ། །གྲགས་སྙན་ནོར་བུའི་ཞགས་པ་ཡིས། །རྒྱ་བོད་འཛིན་མའི་མཐའ་བཅིངས་པ། །དཔལ་ལྡན་ས་སྐྱ་པཎྜི་ཏའི། །ལེགས་བཤད་ལམ་ལ་བརྟེན་པ་ཡིན། །དོན་གྱི་སྒོ་ལྕགས་མཁྱིད་གང་ལ། །དཔེ་ཡི་ལྡེ་མིག་ཁྲུ་གང་པ། །དེ་ལྟའི་གཞུང་ཡང་སྣང་མོད་དེ། །མཁས་བླུན་སུ་ཡི་དབང་དུ་བྱས། །ལུགས་གཉིས་བླང་དོར་ཤེས་འདོད་རྣམས། །དཔེ་ཡི་སོར་མོ་ཙམ་མིན་པར། །དོན་གྱི་ཟླ་ཤེལ་ལྟོས་ཤིག་དང༌། །ངོ་མཚར་རི་དྭགས་མཚན་མ་ཡོད། །འདིར་འབད་ལེགས་བྱས་ནྱ་གྲོ་དྷའི། །ས་བོན་སྨིན་པའི་དགེ་མཚན་གྱི། །ཡལ་ག་ཕྱོགས་བཅུར་རྒྱས་པ་ཡིས། །འགྲོ་བ་ཀུན་གྱི་དོན་བྱེད་ཤོག།   །།ཅེས་ལེགས་པར་བཤད་པ་ཤིང་གི་བསྟན་བཅོས་ལུགས་གཉིས་ཡལ་འདབ་བརྒྱ་ལྡན་ཞིེས་བྱ་བ་འདི་ནི་མཐོང་སྣང་སྣ་ཚོགས་ཀྱིས་རྐྱེན་བྱས་ཏེ།  ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཚྭ་རྒན་སྨན་ཆུར་ཕྱིན་པའི་ལམ་ཁར་གང་དྲན་སུག་བྲིས་སུ་བགྱིས་པའོ།།    །།སརྦ་མངྒ་ལཾ།